མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣ་སྐོར་ཞིག་སུའུ་ཏན་ལྷོ་མ་ནས་ཕྱིར་འཐེན་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-23 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གིས་ཚེས22ཉིན་སྤྱི་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མའི་ཆེད་མངག་ཚོགས་པའི་མི་སྐོར་ཞིག་ཉིན་དེར་ཝུ་ཀན་ཏཱ་རུ་ཕྱིར་འཐེན་བྱེད་མགོ་བརྩམས་པ་དང་། ཆེད་མངག་ཚོགས་པའི་མི་གཞན་དག་གིས་མུ་མཐུད་དུ་བཅའ་སྡོད་བྱེད་སར་ཡོད་པའི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་རྒྱུ་རེད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཆེད་མངག་ཚོགས་པས་ཉིན་དེ་ནས་བཟུང་སུའུ་ཏན་ལྷོ་མའི་རྒྱལ་ས་ཀྲུའུ་པཱ་རུ་སྡོད་པའི་མི་སྐོར་ཞིག་ཝུ་ཀན་ཏཱའི་ཨིན་ཏི་པའེ་གྲོང་ཁྱེར་དུ་ཕྱིར་འཐེན་བྱས་ཏེ། སྔ་མོ་ནས་ཚད་ཡོད་པའི་ཐོན་ཁུངས་ཀྱི་གནོན་ཤུགས་ཇེ་ཆུང་དུ་བཏང་། དེའི་འཕྲོ་མའི་མི་རྣམས་ཀྱིས་མུ་མཐུད་དུ་ཀྲུའུ་པཱ་རུ་ཡོད་པའི་སུའུ་ཏན་ལྷོ་མའི་མི་སེར་དཀྱུས་མ་ཁྲི་གཉིས་ལྷག་ལ་རོགས་རམ་དང་འགེབས་སྲུང་བྱེད་རྒྱུ་རེད་ཟེར། དེ་ལས་གཞན་མཐུན་སྒྲིལ་ཀྲིག་གི་ལྟེ་གནས་གྲོང་ཁྱེར་པིན་ཐིས་ཝུ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཚོགས་པའི་མི་སྣ་སྐོར་ཞིག་ཀྱང་ཉིན་དེར་ཕྱིར་འཐེན་བྱས་པ་རེད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཆེད་མངག་ཚོགས་པས་མུ་མཐུད་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་གྲོགས་པོ་དང་། སུའུ་ཏན་ལྷོ་མའི་མགོ་ཁྲིད་པ་དང་མཉམ་དུ་མིག་སྔའི་ཉམས་ཉེན་ཞི་བས་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་འཚོལ་ཞིབ་བྱེད་རྒྱུ་ཡིན་ཞིང་། གནས་བབ་ཞི་འཇགས་སུ་སོང་ན་ཕྱིར་འཐེན་བྱས་པའི་མི་སྣ་དེ་དག་ཕྱིར་ཀྲུའུ་པཱ་རུ་ལོག་རྒྱུ་ཡིན་ཟེར། དེ་ལས་གཞན་ཆེད་མངག་ཚོགས་པས་པའོ་ཨར་དང་པིན་ཐིས་ཝུ་སོགས་ས་ཁུལ་གྱི་དམག་དོན་ལ་ཤུགས་སྣོན་བྱས་ཏེ་ས་དེའི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་རྒྱུའི་འཆར་གཞི་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག