མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་བྱ་འགུལ་སྤེལ་ཏེ་ཨ་ཧྥེ་རི་ཁ་ལྷོ་མའི་སྔོན་ཆད་ཀྱི་ཙུང་ཐུང་མན་ཏི་ལཱ་ལ་མྱ་ངན་ཞུས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-20 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས19ཉིན་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་སྤྱི་ཁྱབ་པུའུ་ནས་དམིགས་བསལ་གྱི་རྗེས་དྲན་བྱ་འགུལ་སྤེལ་ཏེ། ཨ་ཧྥེ་རི་ཁ་ལྷོ་མའི་སྔོན་ཆད་ཀྱི་ཙུང་ཐུང་མན་ཏི་ལཱ་ལ་མྱ་ངན་ཞུས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་དང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་རེ་བརྒྱད་པའི་ཀྲུའུ་ཞི་ཨ་ཧྲི། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་རྒྱལ་ཁབ་སོ་སོའི་འཐུས་མི། དེ་མིན་སྐུ་མགྲོན་སྐོར་ཞིག་ཉིན་དེར་བསྡུས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མན་ཏི་ལཱ་ལ་རྗེས་དྲན་བྱེད་པའི་དམིགས་བསལ་བྱ་འགུལ་ལ་ཞུགས། ཕན་ཅི་བུན་དང་ཨ་ཧྲི། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨ་ཧྥེ་རི་ཁ་ལྷོ་མའི་འཐུས་མི་མཱ་མཱ་ཕའོ་ལོ། ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་གྱི་ལོ་རྒྱུས་སྟེང་གི་མི་ནག་ཧྲི་ཀྲང་དང་པོ་ཏེན་ཅིན་སི། དེ་མིན་རྒྱལ་ཁབ་བཅུ་ཕྲག་འགའི་འཐུས་མིས་བྱ་འགུལ་དེའི་སྟེང་གཏམ་བཤད་སྤེལ། ཨ་ཧྥེ་རི་ཁ་ལྷོ་མའི་ཆོས་བདག་ཐུའུ་ཐུའུ་ཡིས་བརྙན་རིས་བརྒྱུད་དེ་ཞུ་ཚིག་ཕུལ།

ཕན་ཅི་བུན་གྱིས་གཏམ་བཤད་སྤེལ་སྐབས། མན་ཏི་ལཱ་ནི་ང་ཚོའི་དུས་རབས་འདིའི་མིའི་རིགས་ཀྱི་ལ་རྒྱའི་ཚབ་བྱེད་དུ་གྱུར་བའི་ཆེས་རླབས་ཆེ་བའི་ཕོ་ཉ་ཞིག་ཡིན་ཞེས་གཟེངས་བསྟོད་བྱས། ཕན་ཅི་བུན་གྱིས་བཤད་རྒྱུར། མན་ཏི་ལཱ་ཡིས་རང་ཉིད་ཀྱི་མི་གཤིས་དང་དགེ་སེམས། ཁེངས་སྐྱུང་། སྟོབས་ཤུགས་བཅས་ལ་བརྟེན་ནས་སྔ་ན་མེད་པའི་བཅོས་བསྒྱུར་ཆེན་པོ་བྱས་པས། ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཀྱི་ཕ་ལྟ་བུར་གྱུར་བ་དང་། མི་རེ་རེར་ཡར་སྐུལ་བྱེད་པའི་དཔེ་སྟོན་དུ་གྱུར་ཏེ། ལོ་རྒྱུས་སྟེང་སུབ་པར་དཀའ་བའི་འོད་སྟོང་འབར་བའི་བྱས་རྗེས་བཞག་ཡོད་ཟེར། ཁོས་བཤད་རྒྱུར། མན་ཏི་ལཱ་ཡི་ཐུན་མོང་མ་ཡིན་པའི་མི་ཚེའི་ཁྲོད། ཁོས་འགུལ་སྐྱོད་ལ་བརྟེན་ནས་དྲག་ཤུགས་ཆབ་སྲིད་དང་གཉའ་གནོན་གྱིས་དུས་ནམ་ཡང་རྐང་ཚུགས་ཐབས་མེད་ལ། དྲང་བདེན་ཁོ་ནར་བརྟེན་ན་ད་གཟོད་མཇུག་མཐའི་རྒྱལ་ཁ་ལོན་ཐུབ་པ་བདེན་དཔང་བྱས་ཡོད་ཟེར།

ཨ་ཧྲི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མན་ཏི་ལཱ་ཡི་རེ་འདུན་དང་རིན་ཐང་ལྟ་བ་རྒྱུན་འཛིན་བྱས་ཤིང་། སྔར་ལས་ལྷག་པར་མཐུན་སྒྲིལ་དང་མཉམ་ལས་བྱས་ཏེ། གུ་དོག་པའི་རང་ཉིད་ཀྱི་ཁེ་ཕན་ཙམ་མི་བསམ་པར། མུ་མཐུད་དུ་ལྟོགས་སྐོམ་སེལ་བ་དང་སྤྱི་ཚོགས་འདྲ་མཉམ་ཡོང་བ། ཡུན་རིང་ཞི་བདེ་དང་རྒྱུན་མཐུན་འཕེལ་རྒྱས་སུ་གཏོང་བ། ཤ་འཁོན་དང་རིགས་རྒྱུད་དམར་གསོད་ཀྱི་སྣང་ཚུལ་མེད་པར་བཟོ་བ་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱས་ནས། བུ་རབས་ཚ་རྒྱུད་ཀྱི་ཆེད་དུ་མིག་དཔེ་བཟང་བོ་བསྟན་ཏེ། མིའི་རིགས་ཀྱི་ཐུན་མོང་གི་བདེ་སྐྱིད་དང་སྤྱི་ཕན་ལེགས་བཅོས་བྱེད་པར་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག