མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཕོ་ལན་དུ་འཚམས་འདྲི་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-20 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས19ཉིན་ཕོ་ལན་དུ་དངོས་གཞིའི་འཚམས་འདྲི་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཕན་ཚུན་བར་གྱི་འབྲེལ་བ་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། ཕོ་ལན་དང་ཨུ་རུ་སིའི་འཐབ་ཇུས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཞུགས་ཏེ2020ལོའི་བར་གྱི་ཕོ་ལན་དང་ཨུ་རུ་སི་ཕྱོགས་གཉིས་ཀྱི་འཆར་གཞིའི་སྟེང་མིང་བཀོད།

བསྒྲགས་པའི་གནས་ཚུལ་ལྟར་ན། ཕོ་ལན་གྱི་ཕྱི་འབྲེལ་བློན་ཆེན་ཞི་ཁི་ཨར་སི་ཅི་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཨུ་རུ་སི་ནི་ཕོ་ལན་གྱི་ཁྱིམ་མཚེས་རྒྱལ་ཁབ་དང་དཔལ་འབྱོར་གྲོགས་པོ་གལ་ཆེན་ཡིན་པ་དང་། ཕོ་ལན་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་སྤྱི་ཚོགས། ཁེ་ལས་བཅས་ཀྱི་བར་འབྲེལ་བ་དམ་ཟབ་ཡོད། ཨུ་རུ་སི་ནི་ཕོ་ལན་གྱི་ཕྱིར་གཏོང་ཚོང་ར་ཨང་ལྔ་བ་ཡིན་པ་དང་། ནང་འདྲེན་རྒྱལ་ཁབ་གཉིས་པ་ཡིན། 2012ལོར་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་འབོར་གྲངས་མེ་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་བདུན་དུང་ཕྱུར་དགུ་ལ་བསླེབས་ཡོད་ཟེར།

བུའུ་ཁི་ལན་གྱི་གནད་དོན་ཐད་ནས་ཞི་ཁི་ཨར་སི་ཅི་ཡིས་བསྟན་དོན། ཕོ་ལན་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་བུའུ་ཁི་ལན་གྱིས་དཔལ་འབྱོར་བཅོས་བསྒྱུར་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ཨུ་རུ་སི་རྒྱལ་ཁབ་ཀྱིས་བུའུ་ཁི་ལན་གྱིས་མུ་མཐུད་དུ་མིག་སྔའི་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པས། ཕྱོགས་གཉིས་བར་གྱི་འགལ་བ་མངོན་གསལ་ཡིན་ཡང་། དེས་ཕོ་ལན་དང་ཨུ་རུ་སི་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་རྐྱེན་ཐེབས་མི་སྲིད། ཕོ་ལན་ཕྱོགས་ཀྱིས་བུའུ་ཁི་ལན་གྱི་ཙུང་ཐུང་ཡཱ་ནོའུ་ཁི་ཝེ་ཆི་ཡིས་བཏོན་པའི་བུའུ་ཁི་ལན་གྱི་མ་འོངས་འཕེལ་རྒྱས་ཐད་ཀྱི་ཆོད་དོན་གང་རུང་ལ་བརྩི་འཇོག་བྱེད་རྒྱུ་ཡིན་པ་དང་། ཞོར་དུ་རང་དབང་ཉོ་ཚོང་ནི་བུའུ་ཁི་ལན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་འགོད་པའི་གནད་འགག་ཡིན་པར་འདོད་ཡོད་ཟེར།

ཞི་ཁི་ཨར་སི་ཅི་ཡིས་བཤད་རྒྱུར། ཕོ་ལན་གྱིས་ཡོ་རོབ་གླིང་མནའ་འབྲེལ་ནས་མུ་མཐུད་དུ་ཨུ་རུ་སི་དང་བཅས་པའི་ཤར་ཕྱོགས་ཁྱིམ་མཚེས་རྒྱལ་ཁབ་དག་གིས་ལམ་ཡིག་རང་དབང་ཅན་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ཞི་ཁི་ཨར་སི་ཅི་ཡིས་ད་རུང་ལཱ་ཧྥུའུ་ལོ་ཧྥུའུ་ལ་ཨུ་རུ་སིའི་ཕྱོགས་ཀྱིས་སི་མའོ་ལིན་སི་ཁི་མཁའ་འགྲུལ་ཆག་སྒོ་བྱུང་བའི་གནམ་གྲུའི་ཆག་རོ་ཕྱིར་སྤྲོད་དགོས་པའི་རེ་བ་བཏོན།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། 2020ལོའི་བར་གྱི་ཕོ་ལན་དང་ཨུ་རུ་སི་ཕྱོགས་གཉིས་ཀྱི་འཆར་གཞི་དེས་སྔར་ལས་ལྷག་པའི་སྒོ་ནས་ཕན་ཚུན་བར་གྱི་མཉམ་ལས་ཆུ་ཚད་ཇེ་མཐོར་གཏོང་ཐུབ་པ་དང་། ཨུ་རུ་སི་དང་ཕོ་ལན་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་པའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་བར་གྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་ཟེར།

རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་གླེང་སྐབས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་ཨུ་རུ་སི་དང་ཕོ་ལན་གྱི་ཁེ་ལས་ཀྱིས་ཕན་ཚུན་མ་དངུལ་གཏོང་བར་ཁོར་ཡུག་བཟང་བོ་བསྐྲུན་ཏེ། ཕན་ཚུན་བར་གྱི་ཉོ་ཚོང་རྒྱ་བསྐྱེད་དགོས་ཟེར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨུ་རུ་སི་དང་བུའུ་ཁི་ལན་གྱིས་ཉེ་སྔོན་བཀོད་པའི་གྲོས་མཐུན་དེ་ཕྱོགས་གཉི་གར་ཕན་པ་དང་། ཨུ་རུ་སི་རྒྱལ་ཁབ་ཀྱིས་བུའུ་ཁི་ལན་གྱི་ཆོད་དོན་གང་རུང་ལ་བརྩི་འཇོག་བྱེད་བཞིན་ཡོད་ལ། བུའུ་ཁི་ལན་གྱི་ལས་དབང་ནི་བུའུ་ཁི་ལན་མི་དམངས་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག