མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀི་ལུའུ་ཅི་ཡཱའི་གནད་དོན་གྱི་གྲོས་མོལ་ཐེངས་ཉེར་དྲུག་པ་ནས་བྱེ་བྲག་གི་གྲོས་མཐུན་འགོད་མ་ཐུབ་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-19 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གཉིས་ཡིན་པའི་ཀི་ལུའུ་ཅི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ཚེས18ཉིན་རི་ནེ་ཝ་ནས་གྲོལ། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་སོ་སོས་མུ་མཐུད་དུ་ཉིས་སྟོང་བརྒྱད་ལོར་ཨུ་རུ་སི་དང་ཀི་ལུའུ་ཅི་ཡཱའི་འཁྲུག་རྩོད་རྗེས་སུ་བྱུང་བའི་བདེ་འཇགས་དང་མི་ཆོས་རིང་ལུགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་ཀྱང་། བྱེ་བྲག་གི་གྲོས་མཐུན་འགོད་མ་ཐུབ།

གྲོས་མོལ་གྱི་མགོ་འཛིན་མཁན། ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་མི་ལེ་ཧྥུའུ་ཨར་གྱིས་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གྲོས་མོལ་ལ་མཉམ་དུ་མགོ་འཛིན་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་གླིང་མནའ་འབྲེལ། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་བཅས་ཀྱི་སྤྱི་སྒྲོག་སྒྲོག་འདོན་བྱས། སྤྱི་སྒྲོག་ལས་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་མཁན་ཚོས་ཆེད་མཁས་ཚན་ཆུང་གི་གོ་རིམ་ལྡན་ཞིང་འཛུགས་སྐྲུན་རང་བཞིན་ཆེས་ཆེར་ལྡན་པའི་དྲག་ཤུགས་བེད་སྤྱོད་བྱེད་པར་སྔོན་འགོག་བྱེད་པའི་སྐོར་གྱི་གསལ་སྒྲོག་འཆར་ཟིན་གཏན་འབེབས་བྱེད་པར་དཔྱད་འཇོག་གང་ལེགས་བྱས་པར་མ་ཟད། སྐོར་ཐེངས་རྗེས་མའི་གྲོས་མོལ་ཁྲོད་མུ་མཐུད་དུ་གྲོས་རིམ་དེར་ཞུགས་པར་འཐད་པ་བྱུང་། སྤྱི་སྒྲོག་ལས་བཤད་རྒྱུར། གྲོས་མོལ་ལས་རང་དབང་འཁོར་རྒྱུག་དང་སྨན་བཅོས། སློབ་གསོ། གར་སོང་མ་རྙེད་པའི་མི་སྣ་སོགས་མི་ཆོས་རིང་ལུགས་ཀྱི་གནད་དོན་ཡང་བཏོན་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་ཐུའུ་ལུའུ་ཉིན་གྱིས་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་ནི་གོ་རིམ་ལྡན་ཞིང་འཛུགས་སྐྲུན་རང་བཞིན་ལྡན་པའི་རྣམ་པ་ལྟར་སྤེལ་བ་ཡིན་ཟེར།

ཀི་ལུའུ་ཅི་ཡཱའི་ཕྱི་འབྲེལ་བློན་ཆེན་གཞོན་པ། ཀི་ལུའུ་ཅི་ཡཱའི་ཕྱོགས་ཀྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཀྲ་ཨར་ཁཱ་ལེ་ཡཱ་ནེ་ཡིས་གསར་འགོད་པའི་ཚོགས་འདུའི་སྟེང་བསྐྱར་སྒྲོག་བྱས་དོན། ཀི་ལུའུ་ཅི་ཡཱ་རྒྱལ་ཁབ་ཀྱིས་དུས་ངེས་མེད་དུ་དྲག་ཤུགས་བེད་སྤྱོད་མི་བྱེད་པའི་གསལ་སྒྲོག་འཆར་ཟིན་གཏན་འབེབས་བྱེད་པའི་འཕེལ་རིམ་ནང་ཞུགས་པར་གྲ་སྒྲིག་བྱས་ཡོད་ཟེར།

གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་ཉིས་སྟོང་བཅུ་བཞི་ལོའི་ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་དྲུག་ཉིན་བར་སྐོར་ཐེངས་རྗེས་མའི་གྲོས་མོལ་སྤེལ་རྒྱུར་འཐད་པ་བྱུང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག