མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་སི་རི་ཡཱའི་གནས་བབ་ཀྱི་འཕེལ་རྒྱས་ཐད་ཡིད་ཚིམས་པའི་ཚུལ་བསྟན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-19 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས18ཉིན་སི་རི་ཡཱའི་གནས་བབ་ཐད་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བར་འདུམ་འོག་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་ནས་སྙན་ཞུ་འབུལ་སྐབས་བཤད་རྒྱུར། ཉེ་ལམ་སི་རི་ཡཱའི་གནད་དོན་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་སྣང་ཚུལ་བཟང་བོ་བྱུང་བ་དང་། ཨུ་རུ་སི་རྒྱལ་ཁབ་དེར་ཡིད་ཚིམས་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། སི་རི་ཡཱའི་ཉམས་ཉེན་བྱུང་ནས་ད་ལྟའི་བར། ཨུ་རུ་སི་རྒྱལ་ཁབ་ཀྱིས་ནམ་རྒྱུན་གྲོས་མོལ་ལ་བརྟེན་ནས་རྒྱལ་ཁབ་དེའི་འཁྲུག་རྩོད་ཐག་གཅོད་དགོས་པ་དང་། སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་དགོས་པ་ནན་བཤད་བྱས།

ཉིན་དེར་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། སི་རི་ཡཱ་དང་དབུས་ཤར་ས་ཁུལ་གྱི་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ལ་ཆམ་ཕབ་གཏོང་བ་དེ་མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་རི་ནེ་ཝའི་གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོ་ཞིག་ཏུ་འགྱུར་སྲིད་ཟེར། ཁོས་བཤད་རྒྱུར། མིག་སྔར་འཇིགས་སྐུལ་སྡེ་ཚོགས་ཀྱིས་སི་རི་ཡཱ་ལ་འཇིགས་ཉེན་བཟོ་བཞིན་ཡོད་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་དབུས་ཤར་ས་ཁུལ་གྱི་གནས་བབ་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་ཟེར།

བཀོད་སྒྲིག་ལྟར་ན། ཟླ་འདིའི་ཚེས20ཉིན། མཉམ་འབྲེལ་རྒྱལ་ཚོགས་དང་ཨུ་རུ་སི། ཨ་མེ་རི་ཁ་བཅས་ཀྱིས་སྐོར་ཐེངས་གསར་བའི་གྲོས་མོལ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སི་རི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བར་གྲོས་བསྡུར་བྱེད་རྒྱུ་རེད།

དེའི་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ལྔའི་འཐུས་མི་དང་། སི་རི་ཡཱའི་ཁྱིམ་མཚེས་རྒྱལ་ཁབ་ཐུར་ཁེ་དང་དབྱི་རག ཅོར་ཏན། ལེ་པཱ་ནུན་བཅས་ཀྱི་འཐུས་མི། ཨ་རབ་རྒྱལ་ཁབ་མནའ་འབྲེལ་དང་ཡོ་རོབ་གླིང་མནའ་འབྲལེ་གྱི་འཐུས་མི་སོགས་ལ་ཐུག་འཕྲད་བྱས་ཏེ། སི་རི་ཡཱའི་གནད་དོན་ཐད་ནས་གྲོས་བསྡུར་བྱེད་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག