མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥེ་ལེ་པེན་གྱི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཐད་མེ་སྒོར་ཐེར་འབུམ་བརྒྱད་དང་དུང་ཕྱུར་གཉིས་མཁོ་བར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-19 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥེ་ལེ་པེན་སྲིད་གཞུང་གིས་ཚེས18ཉིན་བཤད་རྒྱུར། རྒྱ་མཚོའི་ཁུག་རྟ་ཞེས་པའི་དྲག་རླུང་གི་གནོད་པ་ཐེབས་པའི་ས་ཁུལ་གྱི་བསྐྱར་འཛུགས་བཟོ་སྐྲུན་ཐད་མེ་སྒོར་ཐེར་འབུམ་བརྒྱད་དང་དུང་ཕྱུར་གཉིས་གཏོང་དགོས་ཟེར།

ཧྥེ་ལེ་པེན་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་འཕེལ་རྒྱས་ཅུའུ་ཡི་ཅུའུ་ཀྲང་པཱ་ལེ་སཱ་ཁན་གྱིས་བཤད་རྒྱུར། རྒྱ་མཚོའི་ཁུག་རྟ་ཞེས་པའི་དྲག་རླུང་གི་གནོད་པ་ཐེབས་རྗེས་ཀྱི་བསྐྱར་འཛུགས་འཆར་གཞི་ལྟར་ན། མ་དངུལ་དེ་དག་གནོད་ཐེབས་སྡོད་དམངས་ཀྱི་སྡོད་ཁང་དང་། སྤྱིའི་རྨང་གཞིའི་སྒྲིག་ཆས། སློབ་གྲྭ། སྨན་བཅོས་ཞབས་ཞུའི་སྒྲིག་ཆས། ཞིང་ལས། བཟོ་ལས། ས་གནས་སྲིད་གཞུང་ལས་ཁུངས། སྤྱི་ཚོགས་འགན་སྲུང་བཟོ་སྐྲུན་བཅས་ཀྱི་ཐད་བཀོལ་རྒྱུ་རེད། དེའི་ནང་མེ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་གཅིག་བྱེ་བ་ལྔ་ཙམ་གནོད་ཐེབས་མང་ཚོགས་ཀྱི་སྡོད་ཁང་འཛུགས་སྐྲུན་བྱེད་པའི་ཐད་བཀོལ་རྒྱུ་ཡིན་པ་དང་། སྤྱིའི་དངུལ་གཏོང་གི་ཕྱེད་ཙམ་ཟིན་ཡོད་ཟེར།

པཱ་ལེ་སཱ་ཁན་གྱིས་བཤད་རྒྱུར། གནོད་ཐེབས་ས་ཁུལ་གྱི་བསྐྱར་འཛུགས་མ་དངུལ་དག་ལོ་ངོ་བཞིའི་ནང་དུས་རིམ་བགོས་ནས་དངོས་འབེབ་བྱེད་རྒྱུ་ཡིན་ཞིང་། ཧྥེ་ལེ་པེན་སྲིད་གཞུང་གིས་མེ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་བྱེ་བ་དྲུག་བཏང་ནས་བྲེལ་མྱུར་འགུལ་སྐྱོད་འཆར་གཞིའི་ཐད་བཀོལ་བ་དང་། སང་ལོར་ཡང་བསྐྱར་མེ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་བྱེ་བ་དྲུག་བཏང་ནས་གནོད་ཐེབས་ས་ཁུལ་གྱི་བསྐྱར་འཛུགས་ཐད་བཀོལ་རྒྱུ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག