ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་སྲིད་གཞུང་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས16ཉིན་དངོས་སུ་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་སྲིད་ཇུས་གྲོས་མཐུན་བཀོད་པ་དང་། གྲོས་མཐུན་གྱི་ནང་དོན་ལྟར་ན། ཐུར་ཁེ་རྒྱལ་ཁབ་ཀྱིས་རང་གི་མངའ་ཁོངས་བརྒྱུད་དེ་ཡོ་རོབ་གླིང་དུ་འགྲོ་བའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཕྱིར་བསྐྱལ་བའི་འོས་འགན་ཡོད་ལ། དེའི་ལན་དུ་ཐུར་ཁེའི་མིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ལམ་ཡིག་ལེན་པར་སྔར་ལས་སྟབས་བདེ་བཟོ་རྒྱུ་རེད།
བསྒྲགས་པའི་གནས་ཚུལ་ལྟར་ན། གོང་གི་ཐུར་ཁེའི་གྲོས་ཁང་གིས་ཆོག་མཆན་འགོད་པར་སྒུག་ཡོད་པའི་གྲོས་མཐུན་དེས་འཚང་ཁ་ཤིག་ཤིག་གིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་ཏུ་འགྲོ་བཞིན་པའི་ཡུལ་གྱར་བར་ཕན་ནུས་ལྡན་པའི་བཀག་འགོག་བྱ་ཐུབ། བསྡོམས་རྩིས་བྱས་པ་ལྟར་ན། 2011ལོར་བསྡོམས་པས་ཨ་ཧྥེ་རི་ཁའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཁྲི་བདུན་ཐུར་ཁེ་བརྒྱུད་དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་སུ་སོང་བ་དང་། 2012ལོར་མི་ཁྲི་གསུམ་དང་སྟོང་ལྔ་ལྷག་ཡིན།
ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐུར་ཁེ་དང་མཉམ་དུ་ཐུར་ཁེའི་མི་ཡོ་རོབ་གླིང་དུ་གནས་སྐོར་བྱེད་པའི་ལམ་ཡིག་གནད་དོན་ཐད་ནས་གྲོས་མོལ་བྱེད་བཞིན་ཡོད་པ་དང་། མ་འོངས་པར་ཡོ་རོབ་གླིང་དུ་འགྲོ་བ་དེ་ཐུར་ཁེའི་མི་ལ་མཚོན་ན་སྔར་ལས་སྟབས་བདེ་རུ་འགྱུར་སྲིད།
ཐུར་ཁེའི་ཙུང་ལི་ཨེར་ཏོ་ཨན་ཨན་ཁཱ་ལཱ་ནས་བསྡུས་པའི་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས་སྐབས་བསྟན་དོན། གྲོས་མཐུན་དེ་བཀོད་པ་ནི་ཡོ་རོབ་གླིང་མནའ་འབྲེལ་དང་ཐུར་ཁེའི་འབྲེལ་བའི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཡིན་ཟེར། ཡོ་རོབ་གླིང་མནའ་འབྲེལ་གྱི་དམངས་སྲིད་ལས་དོན་གྱི་ཆེད་དོན་པ་མཱ་མུའུ་སི་ཐི་ལོ་མུའུ་ཡིས་བལྟས་ནའང་། ཕྱོགས་གཉིས་ཀྱིས་ཡུལ་གྱར་བ་དང་ལམ་ཡིག་གི་སྲིད་ཇུས་ཐད་ནས་མཉམ་ལས་བྱས་པར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པར་འདོད། །