མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁི་ལེ་ཡིས་ཨ་མེ་རི་ཁས་ཨེ་ཤ་ཡཱ་ཤར་ལྷོའི་རྒྱལ་ཁབ་ཀྱི་མཚོ་ཐོག་གི་བདེ་འཇགས་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-18 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་ནན་དུ་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཚེས16ཉིན་བཤད་རྒྱུར། ཨ་མེ་རི་ཁས་ཨེ་ཤ་ཡཱ་ཤར་ལྷོའི་རྒྱལ་ཁབ་ཀྱི་མཚོ་ཐོག་གི་བདེ་འཇགས་རོགས་སྐྱོར་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། བསྒྲགས་པའི་གནས་ཚུལ་ལྟར་ན། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་རྒྱལ་ཁབ་རེ་འགའི་འབྲེལ་བ་ཉིན་རེ་བཞིན་ཛ་དྲག་ཏུ་གྱུར་བ་དང་། ཁི་ལེ་ཡི་རྣམ་འགྱུར་དེ་ནི་ཀྲུང་གོར་དམིགས་པ་མངོན་གསལ་རེད་ཟེར།

ཐེངས་འདི་ནི་ཁི་ལེ་ཡིས་རྒྱལ་སྲིད་བློན་ཆེན་གྱི་འགན་ཁུར་རྗེས་ཐོག་དང་པོར་ཡོ་ནན་དུ་འཚམས་འདྲི་བྱས་པ་ཡིན་པ་དང་། ཁོས་བཤད་རྒྱུར། ཨ་མེ་རི་ཁས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ལ་མེ་སྒོར་བྱེ་བ་གསུམ་དང་ས་ཡ་གཉིས་འབུམ་ལྔ་འདོན་སྤྲོད་བྱས་ཏེ། རྒྱལ་ཁབ་དེ་དག་གིས་མཚོ་ཁོངས་སྲུང་སྐྱོབ་བྱེད་པའི་ཐད་བཀོལ་ནས་ལྷོ་ཕྱོགས་རྒྱ་མཚོའི་འགྲུལ་བཞུད་རང་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། རོགས་སྐྱོར་མ་དངུལ་དེའི་ཁྲོད་ཡོ་ནན་ལ་མེ་སྒོར་བྱེ་བ་གཅིག་དང་ས་ཡ་བརྒྱད་ཐོབ་ཐུབ་པ་དང་། དེའི་ནང་སྐོར་གཡེང་མགྱོགས་གྲུ་ལྔའི་ཉོ་བསྡུའི་གྲོན་དངུལ་འདུས་ཡོད། ཁི་ལེ་ཡིས་བཤད་རྒྱུར། ཐེངས་འདིའི་རོགས་སྐྱོར་མ་དངུལ་ཁ་བསྣན་ན་མ་འོངས་པའི་ལོ་ངོ་གཉིས་ཀྱི་རིང་ཨ་མེ་རི་ཁས་ས་ཁུལ་དེར་འདོན་སྤྲོད་བྱས་པའི་མཚོ་ཐོག་བདེ་འཇགས་ཀྱི་རོགས་སྐྱོར་མ་དངུལ་མེ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་དྲུག་ལས་བརྒལ་ཡོད་ཟེར།

ཁི་ལེ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་འདོན་སྤྲོད་བྱས་པའི་རོགས་སྐྱོར་དེ་ནི་ས་ཁུལ་དེའི་དོན་རྐྱེན་གང་རུང་ལ་དམིགས་པ་མིན་པ་དང་། བསམ་བློ་ཡག་པོ་བཏང་སྟེ་རོགས་སྐྱོར་རྒྱ་ཇེ་ཆེར་གཏོང་བའི་བྱ་སྤྱོད་ཅིག་ཡིན་ལ། ཨོ་པཱ་མཱ་སྲིད་གཞུང་གིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ལ་མཐོང་ཆེན་བྱེད་པའི་བྱེད་ཕྱོགས་ཀྱི་ཁག་ཅིག་ཡིན་ཟེར། ཉིན་བཅུ་གཅིག་གི་སྔོན་ལ་ཨ་མེ་རི་ཁ་དང་ཀྲུང་གོའི་དམག་གྲུ་ལྷོ་ཕྱོགས་རྒྱ་མཚོ་ནས་ཐོ་རྒྱག་ལ་ཁད་ཀྱི་ཉེན་ཁ་བྱུང་བ་དང་། ཝ་ཧྲིན་ཏོན་དང་པེ་ཅིན་གྱིས་དོན་རྐྱེན་དེའི་ཐད་ནས་ཕན་ཚུན་སྐྱོན་འཛུགས་བྱེད་བཞིན་པའི་སྐབས་སུ་ཁི་ལེ་ཡིས་རྣམ་འགྱུར་དེ་འདྲ་བསྟན་པར་གསར་འགྱུར་ལས་རིགས་ཀྱིས་དོ་སྣང་བྱེད་བཞིན་ཡོད།

ཁི་ལེ་ཡིས་ཨ་མེ་རི་ཁའི་མངའ་ཁོངས་རྩོད་གླེང་གནད་དོན་ཐད་ནས་དབུས་གནས་ཀྱི་རྣམ་འགྱུར་བཟུང་ཡོད་པ་ནན་བཤད་བྱས་ཀྱང་། ཞོར་དུ་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་མྱུར་དུ་ལྷོ་ཕྱོགས་རྒྱ་མཚོའི་ཐུན་མོང་འགུལ་སྐྱོད་ཀྱི་རྩ་དོན་གཏན་འབེབས་བྱེད་པའི་ཐད་ནས་གྲོས་མཐུན་བཀོད་དེ། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་རྩོད་གླེང་དེ་ཞི་བས་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག