ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཚེས17ཉིན་ནས་བཟུང་ཧྥེ་ལེ་པེན་རྒྱལ་ཁབ་ལ་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱས་ཏེ། ཧྥེ་ལེ་པེན་གྱི་དཔོན་རིགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་མ་ཟད། རྒྱ་མཚོའི་ཁུག་རྟ་ཞེས་པའི་དྲག་རླུང་གི་གནོད་པ་ཐེབས་པའི་ས་ཁུལ་དུ་སོང་ནས། ཨ་མེ་རི་ཁའི་མི་ཆོས་རོགས་སྐྱོར་གྱི་གནས་ཚུལ་ལ་རྟོག་ཞིབ་བྱེད་རྒྱུ་རེད།
ཧྥེ་ལེ་པེན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཡེ་ནན་ཏི་ཚི་ཡིས་ཚེས16ཉིན་ཁི་ལེ་འཚམས་འདྲིར་ཡོང་བའི་གནས་ཚུལ་ཁྱབ་སྒྲོག་བྱས་པ་དང་། ཁི་ལེ་ཡིས་ཧྥེ་ལེ་པེན་གྱི་ཕྱི་འབྲེལ་བློན་ཆེན་ལོ་སཱ་ལི་ཨོ་དང་མཉམ་དུ་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།
ཡེ་ནན་ཏི་ཚི་ཡིས་བཤད་རྒྱུར། ཁི་ལེ་དང་ལོ་སཱ་ལི་ཨོ་གཉིས་ཀྱིས་བདེ་འཇགས་དང་དཔལ་འབྱོར་གྱི་མཉམ་ལས་རྒྱ་བསྐྱེད་པ་དང་། དམངས་ཁྲོད་ཀྱི་བརྗེ་རེས། མི་ཆོས་རོགས་སྐྱོར། གནོད་འགོག་གནོད་སེལ་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།
ཧྥེ་ལེ་པེན་དབུས་ཕྱོགས་ས་ཁུལ་དུ་སྤྱི་ཟླ11པའི་ཟླ་སྟོད་ལ་རྒྱ་མཚོའི་ཁུག་རྟ་ཞེས་པའི་དྲག་རླུང་གི་འཇིགས་པ་ཐེབས་པ་དང་། ཨ་མེ་རི་ཁ་ནི་གནོད་སྐྱོབ་རོགས་སྐྱོར་བྱེད་པའི་རྒྱལ་ཁབ་གཙོ་བོ་ཞིག་ཡིན་པ་དང་། དམག་གྲུ་དང་སྐྱེལ་འདྲེན་གནམ་གྲུ། གྱེན་འཕུར་གནམ་གྲུ་སོགས་བཀོལ་ནས་རྒུད་སྐྱོབ་དངོས་རྫས་བསྐྱལ་མྱོང་། ཡེ་ནན་ཏི་ཚི་ཡིས་བཤད་རྒྱུར། ཁི་ལེ་གནོད་འཚེ་ཚབས་ཆེན་ཐེབས་པའི་ཐཱ་ཁི་ལོ་པན་གྲོང་ཁྱེར་དུ་སོང་ནས་གནོད་ཐེབས་སྡོད་དམངས་དང་། མི་ཆོས་རིང་ལུགས་ཀྱི་ལས་འགན་ལག་བསྟར་བྱེད་པའི་ཨ་མེ་རི་ཁའི་མི་སྣར་ཐུག་འཕྲད་བྱས་ཏེ། རྒུད་སྐྱོབ་གནས་ཚུལ་ལ་རྒྱུས་ལོན་བྱེད་རྒྱུ་རེད་ཟེར། །