ཁྲའོ་ཞན་མི་དམངས་དམག་དཔུང་གིས་ཚེས16ཉིན་ཕེན་རང་ཅིན་ཞིག་རི་བོའི་ཉི་མའི་ཕོ་བྲང་ཐང་ཆེན་ནས་དམ་བཅའ་འཇོག་པའི་ཚོགས་ཆེན་བསྡུས་ཏེ། རང་སྲོག་ཤོར་ཡང་ཅིན་ཀྲིན་ཨིན་ལ་སྲུང་སྐྱོབ་བྱེད་རྒྱུའི་དམ་བཅའ་བཞག་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་མི་དམངས་དམག་དཔུང་གིས་ཚེས16ཉིན་ཕེན་རང་ཅིན་ཞིག་རི་བོའི་ཉི་མའི་ཕོ་བྲང་ཐང་ཆེན་ནས་དམ་བཅའ་འཇོག་པའི་ཚོགས་ཆེན་བསྡུས་ཏེ། རང་སྲོག་ཤོར་ཡང་ཅིན་ཀྲིན་ཨིན་ལ་སྲུང་སྐྱོབ་བྱེད་རྒྱུའི་དམ་བཅའ་བཞག
ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་མི་དམངས་དམག་དཔུང་གི་སྤྱིའི་ཆབ་སྲིད་ཅུའུ་ཀྲང་ཚོས་ལུང་ཧེ་ཡིས་དམ་བཅའ་འཇོག་པའི་ཚོགས་ཆེན་སྟེང་དམ་བཅའ་སྒྲོག་འདོན་བྱས། ཁོས་བཤད་རྒྱུར། མི་དམངས་དམག་དཔུང་གིས་ཅིན་ཀྲིན་རི་ཡི་ཁ་ཆེམས་བརྩི་སྲུང་བྱས་ཏེ། མཐུན་སྒྲིལ་དང་མགོ་ཁྲིད་ཀྱི་སྙིང་བོར་གྱུར་བའི་ཅིན་ཀྲིན་ཨིན་ལ་གོང་བཀུར་དང་རང་སྲོག་ཤོར་ཡང་སྲུང་སྐྱོབ་བྱེད་དགོས་ཟེར། མི་དམངས་དམག་དཔུང་ནི་ནམ་ཡང་ཅིན་རི་ཁྲིན་དང་ཅིན་ཀྲིན་རི། ཅིན་ཀྲིན་ཨིན་བཅས་ཀྱི་དམག་དཔུང་ཡིན་པ་དང་། ཁྲའོ་ཞན་གྱི་དམག་དཔུང་གིས་རང་སྲོག་ཤོར་ཡང་ཅིན་ཀྲིན་ཨིན་ལ་སྲུང་སྐྱོབ་བྱེད་པ་དང་། ཅིན་ཀྲིན་ཨིན་གཅིག་པུའི་མགོ་ཁྲིད་དང་ལེན་བྱེད་རྒྱུ་ཡིན་ཟེར།
དམ་བཅའ་འཇོག་པའི་ཚོགས་ཆེན་ནས་ད་རུང་མི་དམངས་དམག་དཔུང་གི་སྐམ་མཚོ་མཁའ་གསུམ་གྱི་དམག་དཔུང་སོ་སོར་དམ་བཅའ་བཞག་པ་དང་། མི་དམངས་དྲག་ཤུགས་པུའུ་ཡི་འགན་ཁུར་བ་དང་། རིམ་པ་སོ་སོའི་དམག་དཔུང་། དམག་དོན་སློབ་གྲྭའི་ལས་བྱེད་པ། མི་དམངས་དམག་དཔུང་གི་དཔོན་དམག དེ་མིན་དམག་དོན་སློབ་གླིང་གི་སློབ་མ་བཅས་དམ་བཅའ་འཇོག་པའི་ཚོགས་འདུ་ལ་ཞུགས། །