མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་ལེ་པཱ་ནུན་དུ་བྲོས་བྱོལ་བྱས་པའི་སི་རི་ཡཱའི་ཡུལ་གྱར་བ་འབུམ་བརྒྱད་དང་ཁྲི་བཞི་སྟོང་གཉིས་ལས་བརྒལ་བར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-17 11:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་ཁང་གིས་ཚེས16ཉིན་པེ་རུ་ཐི་ནས་སྙན་ཞུ་སྤེལ་ཏེ། ད་ལྟའི་བར་ལེ་པཱ་ནུན་དུ་བྲོས་བྱོལ་བྱས་ཏེ་ཡུལ་གྱར་བའི་ཐོབ་ཐང་འཚོལ་ཞིབ་བྱེད་པའི་སི་རི་ཡཱའི་མི་འབུམ་བརྒྱད་དང་ཁྲི་བཞི་སྟོང་གཉིས་ལས་བརྒལ་ཡོད་ཟེར།

སྙན་ཞུ་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་ལེ་པཱ་ནུན་གྱི་ས་ཁུལ་རེ་འགར་ཐོ་འགོད་ས་ཚིགས་བཙུགས་ཏེ་སི་རི་ཡཱའི་ཡུལ་གྱར་བར་ཐོ་འགོད་བྱས་པ་དང་། མིག་སྔའི་བར་མི་འབུམ་བདུན་དང་ཁྲི་བརྒྱད་སྟོང་གཉིས་ལྷག་གིས་ཐོ་འགོད་བྱས་ཡོད་ལ། གཞན་ཡང་མི་ཁྲི་དྲུག་ལྷག་གིས་ཐོ་འགོད་བྱེད་པར་སྒུག་ཡོད། ཁོ་ཚོར་ལེ་པཱ་ནུན་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་འབྲེལ་ཡོད་རྒྱལ་སྤྱིའི་ལས་ཁུངས་ཀྱི་རོགས་རམ་དང་སྲུང་སྐྱོབ་ཐོབ་བཞིན་ཡོད་ཟེར།

སྙན་ཞུ་ལས་བཤད་རྒྱུར། ལེ་པཱ་ནུན་ལ་དགུན་ཚུགས་ནས་ཁ་བ་འབབ་མགོ་བརྩམས་པས། སི་རི་ཡཱའི་ཡུལ་གྱར་བ་དང་ཁྱད་པར་དུ་ལེ་པཱ་ནུན་གྱི་ས་ཁུལ་སོ་སོའི་སྟབས་བདེ་རས་གུར་དུ་བསྡད་ཡོད་པའི་སི་རི་ཡཱའི་ཡུལ་གྱར་བས་ཇི་ལྟར་བདེ་འཇགས་ངང་དགུན་བསྐྱལ་བ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་སོགས་རྒྱལ་སྤྱིའི་རོགས་སྐྱོར་ལས་ཁུངས་ཀྱི་དཀའ་གནད་ཆེན་པོ་ཞིག་ཏུ་གྱུར་འདུག རྒྱལ་སྤྱིའི་རོགས་སྐྱོར་རྩ་འཛུགས་རེ་འགས་སི་རི་ཡཱའི་ཡུལ་གྱར་བར་དགུན་ཁར་བཀོལ་བའི་བལ་ཕྱིང་ཁྲི་ལྔ་དང་སྟོང་ལྔ་དང་། ལྕགས་ཐབ་སྟོང་དྲུག་ལྷག་བྱིན། ལེ་པཱ་ནུན་ཤར་ཕྱོགས་ཀྱི་པེ་ཁཱ་ས་ཁུལ་དུ་སི་རི་ཡཱའི་ཡུལ་གྱར་བ་འབུམ་གཅིག་དང་ཁྲི་གཉིས་སྟོང་ལྔ་ལྷག་གིས་དགུན་ཁའི་འཁྱག་འགོག་དངོས་རྫས་བླངས་ཡོད།

ལེ་པཱ་ནུན་སྲིད་གཞུང་གིས་ཚེས16ཉིན་སི་རི་ཡཱའི་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་པར་དམིགས་པའི་འཆར་གཞི་གསར་བ་ཞིག་ལག་བསྟར་བྱས། ལེ་པཱ་ནུན་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་མུས་ཁཱ་ཐིས་ཀྱིས་མཛད་སྒོའི་སྟེང་རྒྱལ་སྤྱིའི་སྤྱི་ཚོགས་དང་ཁྱད་པར་དུ་སི་རི་ཡཱའི་ཡུལ་གྱར་བར་རོགས་སྐྱོར་བྱེད་པའི་རྒྱལ་ཁབ་དག་གིས་ལེ་པཱ་ནུན་ལ་མེ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་བྱེ་བ་ལྔ་ཡི་མ་དངུལ་འདོན་སྤྲོད་བྱས་ཏེ། ལེ་པཱ་ནུན་སྲིད་གཞུང་གིས་སི་རི་ཡཱའི་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་བྱེད་པའི་འཆར་གཞི་གཏན་འབེབས་བྱེད་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག