མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་པེ་རུ་ཐིའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-20 10:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས19ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེར་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་ནས་དབྱི་ལིང་གི་གཞུང་ཚབ་ཁང་ལ་དམིགས་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ལིག་ཅེ་དབྱེ་ཡིས་ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབུས་ཤར་ས་ཁུལ་གྱི་གསང་བའི་གྲོས་མོལ་མཇུག་སྒྲིལ་རྗེས་གསར་འགྱུར་ལས་རིགས་ལ་གསལ་སྒྲོག་དེ་སྒྲོག་འདོན་བྱས། གསལ་སྒྲོག་ནང་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས19ཉིན་ལེ་པཱ་ནུན་དུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ལ་འཇིགས་སྐུལ་འཇབ་རྒོལ་ཐེབས་པར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་པ་དང་། ཞོར་དུ་ཡ་ང་བའི་བྱ་སྤྱོད་དེའི་གནོད་ཐེབས་མཁན་གྱི་ཁྱིམ་མི་དང་། ལེ་པཱ་ནུན་དང་དབྱི་ལིང་གི་སྲིད་གཞུང་དང་མི་དམངས་བཅས་ལ་འཚམས་འདྲི་བྱས་པར་མ་ཟད། རྨས་མ་རྣམས་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་ཟེར།

གསལ་སྒྲོག་ནང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ཡིན་ཡང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་ཉེན་ཚབས་ཆེན་ཐེབས་བཞིན་ཡོད་པ་དང་། འཇིགས་སྐུལ་རིང་ལུགས་དེ་དུས་ནམ་ཞིག་ལ་གནས་གང་ནས་རྒྱུ་མཚན་ཅིའི་ཕྱིར་བཟོས་པ་ཡིན་ཡང་ནག་ཉེས་བྱ་སྤྱོད་ལས་མ་འདས་ལ། བཅའ་ཁྲིམས་ཀྱི་རྒྱ་ལས་ཐར་ཐབས་མེད་པ་བསྐྱར་སྒྲོག་བྱས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ངེས་པར་དུ་ལག་དམར་ཁྲིམས་ལ་སྦྱོར་དགོས་པ་ནན་བཤད་བྱས་པ་དང་། ཞོར་དུ་ཕྱི་འབྲེལ་གཞུང་ཚབ་ཁང་གི་གནོད་མི་རུང་བའི་གཞི་རྩའི་རྩ་དོན་དང་བཅའ་སྡོད་རྒྱལ་ཁབ་སྲིད་གཞུང་གི་འོས་འགན་བསྐྱར་སྒྲོག་བྱས།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ད་རུང་ལེ་པཱ་ནུན་གྱི་མི་རྣམས་ཀྱིས་རྒྱལ་ཁབ་རང་གི་བརྟན་འཇགས་ལ་གཏོར་བརླག་བྱེད་པའི་གཡོ་ཇུས་ཀྱི་མདུན་ནས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ལེ་པཱ་ནུན་གྱི་ཕྱོགས་སོ་སོས་ངེས་པར་དུ་དམ་བཅའ་དོན་འཁྱོལ་བྱས་ཏེ་ལེ་པཱ་ནུན་གྱིས་སི་རི་ཡཱའི་ཉམས་ཉེན་ལ་ཐེ་གཏོགས་མི་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་དགོས་པ་ནན་བཤད་བྱས།

ལེ་པཱ་ནུན་འཕྲོད་བསྟེན་པུའུ་ཡིས་བཤད་རྒྱུར། ཚེས19ཉིན་གྱི་སྔ་དྲོར་པེ་རུ་ཐིའི་ལྷོ་ངོས་ཀྱི་དབྱི་ལིང་གི་གཞུང་ཚབ་ཁང་གི་ཉེ་འདབས་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ། ཉུང་མཐར་ཡང་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་ཞེ་བདུན་ལ་རྨས་ཕོག མི་སྣར་ཤི་རྨས་བཟོས་པ་ལས་གཞན་འགས་གཏོར་ལས་ད་རུང་ཁང་བ་དང་རླངས་འཁོར་སོགས་ལ་གཏོར་བརླག་ཚབས་ཆེན་བཟོས་ཡོད་ཟེར། རྟེན་གཞི་རྩ་འཛུགས་ཀྱི་སི་རི་ཡཱ་དང་ཨེ་ཅིབ་ཡན་ལག་རུ་ཁག་གིས་ཉིན་དེའི་དགོང་མོར་ཁྱབ་སྒྲོག་བྱས་དོན། ཁོ་ཚོས་ཉིན་དེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་དེ་གཉིས་བཟོས་པ་ཡིན་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག