མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱིས་དབྱི་ལིང་གི་ཙུང་ཐུང་ལ་ཁ་པར་བཏང་བ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-20 10:32

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་གིས་ཚེས19ཉིན་གྱི་ཕྱི་དྲོར་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ལ་ཁ་པར་བཏང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཐེངས་འདིའི་ཁ་པར་གྲོས་མོལ་ནི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ལོ་ངོ་བཅུའི་རིང་ཐོག་དང་པོར་གྲོས་མོལ་བྱས་པ་ཡིན་པས་ལོ་རྒྱུས་ཀྱི་རང་བཞིན་ཆེས་ཆེར་ལྡན་ལ། ཕྱི་ཕྱོགས་ཀྱིས་དོན་དེར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་གཞུང་སྒྲུབ་ཁང་གི་མགྲིན་ཚབ་པས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། གྲོས་མོལ་བྱེད་སྐབས་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པར་འཐད་པ་བྱུང་ཡོད་ཅིང་། ཁཱ་མེ་ལུང་གིས་ལུའུ་ཧཱ་ནེ་ཡིས་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པའི་ཐད་འབད་བརྩོན་ཆེན་པོ་བྱས་པར་དགའ་བསུ་ཞུས།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་ཁཱ་མེ་ལུང་དང་ལུའུ་ཧཱ་ནེ་གཉིས་ཀྱིས་བསྟན་དོན། ཅང་མ་འགོར་བའི་སྔོན་རི་ནེ་ཝ་ནས་བསྡུས་པའི་རྒྱལ་ཁབ་དྲུག་དང་དབྱི་ལིང་གི་གྲོས་མོལ་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ལ། དེ་ལས་ཀྱང་གལ་ཆེ་བ་ནི་ཚེས20ཉིན་སྤེལ་རྒྱུ་ཡིན་པའི་སྐོར་ཐེངས་གསར་བའི་གྲོས་མོལ་གྱི་གོ་སྐབས་དམ་འཛིན་བྱེད་རྒྱུ་དེ་ཡིན་ཟེར། ཁཱ་མེ་ལུང་གིས་ནན་གྱིས་བསྟན་དོན། དབྱི་ལིང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ལ་སེམས་ཁུར་བྱེད་བཞིན་པར་མཐོང་ཆེན་བྱེད་དགོས་པ་དང་། ཁྱད་པར་དུ་མངོན་གསལ་དང་གསལ་རྗེན་ཡིན་དགོས་ཟེར།

དབྱི་ལིང་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་གི་གྲོས་མོལ་དེ་ཟླ་འདིའི་ཚེས10ཉིན་རི་ནེ་ཝ་ནས་གྲོལ་བ་དང་། གྲུབ་འབྲས་མི་ཉུང་བ་ཐོབ་ཡོད་ཀྱང་གནད་དོན་རེ་འགའི་ཐད་འགལ་བ་སྔར་བཞིན་ཡོད་པས་ཐུན་མོང་གི་གྲོས་མཐུན་འགོད་ཐབས་མ་བྱུང་། སྐོར་ཐེངས་རྗེས་མའི་གྲོས་མོལ་དེ་ཚེས་ཉི་ཤུའི་ཉིན་སྤེལ་རྒྱུ་རེད།

ཉེ་སྔོན། དབྱིན་ཇི་དང་དབྱི་ལིང་གི་འབྲེལ་བ་ཇེ་ལེགས་སུ་འགྲོ་བའི་སྣང་ཚུལ་ཡོད་པ་དང་། ཟླ་འདིའི་ཚེས11ཉིན། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་རྒྱུན་སྡོད་མིན་པའི་གནས་སྐབས་ཀྱི་གཞུང་ཚབ་པ་མངག་གཏོང་བྱེད་རྒྱུ་ཁྱབ་སྒྲོག་བྱས། དེ་ལས་རྒྱལ་ཁབ་གཉིས་ཀྱིས་རྒྱུན་ལྡན་གྱི་ཕྱི་ཕྱོགས་འབྲེལ་བ་རིམ་བཞིན་སླར་གསོ་བྱེད་རྒྱུ་ཡིན་པ་མཚོན་ཡོད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག