མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་གྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཚོགས་མགོ་བརྩམས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-20 10:32

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས་འགོད་མཁན་གྱི་གྲོས་ཚོགས་ཐེངས་བཅུ་དགུ་བ་དང་ཅིན་ཏུའུ་གྲོས་ཆོད་ཡི་གེའི་འགོད་མཁན་གྱི་གྲོས་ཚོགས་ཐེངས་དགུ་བའི་པུའུ་ཀྲང་གྲོས་ཚོགས་ཚེས19ཉིན་ཕོ་ལན་གྱི་རྒྱལ་ས་ཧྭ་ཧྲ་ནས་ཚོགས་མགོ་བརྩམས།

གཙོ་སྒྲུབ་རྒྱལ་ཁབ་ཕོ་ལན་གྱི་ཙུང་ལི་ཐུའུ་སི་ཁི་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད། ཁོས་ཧྭ་ཧྲའི་ནམ་ཟླའི་ཚོགས་ཆེན་ལ་གྲུབ་འབྲས་ཐོབ་པ་དང་། ཕྱོགས་སོ་སོས་ཐུན་མོང་གི་ལྟ་ཚུལ་འགོད་པར་གང་ནུས་ཀྱིས་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་། ཐུའུ་སི་ཁི་ཡིས་བཤད་རྒྱུར། ཧྭ་ཧྲའི་ནམ་ཟླའི་ཚོགས་ཆེན་ནས་ནམ་ཟླའི་སྲུང་སྐྱོབ་ཀྱི་ཐབས་ལམ་གསར་བ་བཏོན་ནས་ནམ་ཟླའི་གྲོས་མཐུན་འགོད་དུ་འཇུག་རྒྱུ་ཡིན། ཕོ་ལན་ནི་གཙོ་སྒྲུབ་རྒྱལ་ཁབ་ཡིན་པའི་ཆ་ནས་ཚོགས་ཞུགས་རྒྱལ་ཁབ་གཞན་པའི་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཀྱང་། ནམ་ཟླའི་འགྱུར་ལྡོག་གནད་དོན་ལ་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་མཉམ་ལས་བྱས་ན་ད་གཟོད་ཕན་ནུས་ལྡན་པར་ཐག་གཅོད་བྱེད་ཐུབ་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་རྒྱལ་ཁབ་སོ་སོས་བློ་གྲོས་ལྡན་ཞིང་དགོས་གལ་འདུ་ཤེས་ཆེ་ལ་ཆོད་སེམས་ལྡན་པའི་སྒོ་ནས་ནམ་ཟླའི་འགྱུར་ལྡོག་ལས་བྱུང་བའི་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་བ། ཅིན་ཏུའུ་གྲོས་ཆོད་ཡི་གེའི་དམ་བཅའི་དུས་རིམ་གཉིས་པ་དང་ལེན་མ་བྱས་པའི་རྒྱལ་ཁབ་དག་གིས་མྱུར་དུ་དང་ལེན་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་གང་མགྱོགས་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁས་ལེན་བྱས་པའི་མ་དངུལ་དང་ལག་རྩལ་རྒྱབ་སྐྱོར་གྱི་དམ་བཅའ་དོན་འཁྱོལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་དེ་དུས་རིམ་གཉིས་སུ་བགོས་ཡོད་ཅིང་། ཟླ11པའི་ཚེས11ཉིན་ནས་ཚེས15ཉིན་བར་ཚན་ཆུང་གི་གྲོས་མོལ་དུས་རིམ་ཡིན་པ་དང་། གཙོ་བོ་ཕྱོགས་སོ་སོས་རང་ཉིད་ཀྱི་རེ་འདོད་དང་ལངས་ཕྱོགས་འདོན་དགོས་པ་དང་། ཚེས18ཉིན་ནས་ཚེས22ཉིན་བར་ནི་མཐོ་རིམ་གྲོས་ཚོགས་ཀྱི་དུས་རིམ་རེད། རྒྱལ་ཁབ་དང་ས་ཁུལ་ཉིས་བརྒྱ་ལྷག་ནས་ཡོང་བའི་འཐུས་ཚབ་ཚོགས་པ་དང་མཁས་པ། སྲིད་གཞུང་མིན་པའི་རྩ་འཛུགས་ཀྱི་འཐུས་མི་སོགས་ཕོ་ལན་རྒྱལ་ཁབ་ཀྱི་ལུས་རྩལ་ཁང་དུ་འཛོམས་པ་དང་། དམིགས་ཡུལ་ནི2015ལོར་འབྲེལ་ཡོད་གྲོས་མཐུན་གསར་བ་ཞིག་འགོད་པར་རྨང་འདིང་བའི་ཆེད་དུ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག