མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་མགོ་ཁྲིད་པས་ས་ཁོངས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-20 10:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཨ་ལཱ་པུས་ཀྱིས་ཚེས19ཉིན་ཁི་ཝེ་ཐི་ནས་ཨ་རབ་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་གླིང་གིས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མདུན་དུ་ལྷགས་པའི་འགྲན་རྩོད་མཉམ་འབྲེལ་གྱིས་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་ལཱ་པུས་ཀྱིས་ཉིན་དེར་ཚོགས་མགོ་བརྩམས་པའི་ཨ་རབ་དང་ཨ་ཧྥེ་རི་ཁ་གླིང་གི་མགོ་གཙོའི་གྲོས་ཚོགས་སྐབས་གསུམ་པའི་སྟེང་གཏམ་བཤད་སྤེལ་ཏེ། ཨ་རབ་དང་ཨ་ཧྥེ་རི་ཁ་གླིང་གིས་རྒྱལ་སྤྱིའི་ཉོ་ཚོང་གི་འགྲོ་འོང་དང་མ་དངུལ་འཁོར་རྒྱུག ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐག་གཅོད་པ། འཛམ་གླིང་རང་བཞིན་གྱི་འཇིགས་སྐུལ་བྱ་སྤྱོད་ཐག་གཅོད་པ་སོགས་ཀྱི་ཐད་དུ་ཐུན་མོང་གི་འགྲན་རྩོད་ལ་འཕྲད་ཡོད་པ་དང་། ཕྱོགས་གཉིས་ཀྱིས་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་པར་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ། ས་ཁོངས་ཆེན་པོ་གཉིས་ཀྱི་དཔལ་འབྱོར་ཚོགས་ཁག་འཛུགས་པར་བཀག་རྒྱ་ཐེབས་ཡོད་ཟེར། ཁོས་ཨ་རབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དག་མཉམ་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་ཞུགས་ནས། ཕན་ཚུན་བཟོད་སྒོམ་བྱེད་པ་གཙོར་བཟུང་ནས་གཅིག་མཐུན་གྱི་སྲིད་ཇུས་འཆར་འགོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་ལཱ་པུས་ཀྱིས་ནན་གྱིས་བསྟན་དོན། ཨ་རབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དག་གིས་ངེས་པར་དུ་མཉམ་ལས་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅོས་བསྒྱུར་དང་ས་ཁུལ་གྱི་ལས་དོན་ཐག་གཅོད་བྱེད་པར་ཡར་སྐུལ་བྱེད་དགོས་ཟེར། ཁོས་བལྟས་ན་དེང་སྐབས་ཕྱོགས་གཉིས་ཀྱིས་རྨང་གཞི་ནས་མགོ་བརྩམས་ཏེ། ཐོག་མར་དཔལ་འབྱོར་དང་ནུས་ཁུངས་གསར་བ། ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ཁྱབ་ཁོངས་ཀྱི་དངུལ་གཏོང་དང་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པར་འདོད།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨིན་ཁི་སཱ་ཀྲ་ནཱ་ཏི་ལཱ་མུས་ནེ་ཙུའུ་མཱ་ཡིས་གཏམ་བཤད་སྤེལ་སྐབས་ས་ཁོངས་གཉིས་ཀྱི་རྒྱལ་ཁབ་ཀྱིས་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཕྱོགས་གཉིས་བར་གྲོགས་པོའི་འབྲེལ་བ་འཛུགས་པར་བར་ཆད་བྱེད་པའི་བཀག་རྒྱ་ཡོད་ཚད་ཁྱད་དུ་བསལ་དགོས་ཟེར།

ཨིན་ཁི་སཱ་ཀྲ་ནཱ་ཏི་ལཱ་མུས་ནེ་ཙུའུ་མཱ་ཡིས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་དང་ཨ་རབ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་གཏོགས་ཤིང་། གཅིག་མཚུངས་ཀྱི་ལོ་རྒྱུས་དང་མ་འོངས་པ་ཡོད་ལ། མིག་སྔར་ཕྱོགས་གཉི་གར་འཇིགས་སྐུལ་བྱ་སྤྱོད་ཀྱི་འཇིགས་ཉེན་ཐེབས་པ་དང་ཟིང་འཁྲུག་གིས་སྡུག་ལ་སྦྱོར་བཞིན་ཡོད་པས། ཕྱོགས་གཉིས་ཀྱིས་ལག་རྡང་མཉམ་དུ་སྦྲེལ་ཏེ། རང་རང་གི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས་ཕན་ཚུན་བརྩི་འཇོག་དང་མཉམ་ལས་ཟབ་མོ་བྱེད་པའི་རྨང་གཞིའི་སྟེང་གྲོགས་པོའི་འབྲེལ་བ་འཛུགས་དགོས་ཟེར།

སྐབས་འདིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། རྒྱལ་ཁབ་བདུན་ཅུ་ལྷག་ནས་ཡོང་བའི་སྲིད་གཞུང་གི་མགོ་གཙོ་དང་དེ་མིན་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཀྱི་འགན་ཁུར་བ་གྲོས་ཚོགས་ལ་ཞུགས།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག