མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧཱ་སག་སི་ཐན་གྱི་ཁྲིམས་ཁང་གིས་འཇིགས་སྐུལ་རྩ་འཛུགས་ཀྱི་མགོ་བ་ཞིག་ལ་ལོ་ངོ་ཉི་ཤུའི་བཙོན་འཇུག་ཁྲིམས་ཐག་བཅད་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-20 10:31

 ཀྲུང་དབྱང་བརྙན་འཕྲིན་དྲ་བའི་གློག་འཕྲིན་ལྟར། ཧཱ་སག་སི་ཐན་གྱི་ཨ་ཐི་ལའོ་ཀྲིག་ས་ཁོངས་བརྒལ་བའི་ཉེས་དོན་ཁྲིམས་ཁང་གིས་ཚེས19ཉིན་འཇིགས་སྐུལ་རིང་ལུགས་ཀྱི་མགོ་བ་ཞིག་ལ་ལོ་ངོ་ཉི་ཤུའི་བཙོན་འཇུག་ཁྲིམས་ཐག་བཅད་པར་མ་ཟད། དེའི་རྒྱུ་ནོར་ཚང་མ་གཞུང་བཞེས་བྱས།

ཨ་ཐི་ལའོ་ཀྲིག་ས་ཁོངས་བརྒལ་བའི་ཉེས་དོན་ཁྲིམས་ཁང་གིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། འཇིགས་སྐུལ་རྩ་འཛུགས་ཀྱི་མགོ་བ་མུའུ་ནཱ་ཐའོ་ཧྥུའུ་ཡིས་འཇིགས་སྐུལ་རྩ་འཛུགས་བཙུགས་ཏེ། ཐལ་སྤྱོད་རིང་ལུགས་དང་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱས་ཤིང་། འགས་གཏོར་དང་མེར་གཏོང་བ། ཁྲིམས་འགལ་གྱིས་མདའ་མདེལ་བེད་སྤྱོད་བྱེད་པ། སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་བྱེད་པ་བཅས་ཀྱི་བྱ་སྤྱོད་སྤེལ་བས། ལོ་ངོ་ཉི་ཤུའི་བཙོན་འཇུག་ཁྲིམས་ཐག་བཅད་དེ་སྒེར་གྱི་རྒྱུ་ནོར་ཚང་གཞུང་བཞེས་བྱས་པ་ཡིན་ཟེར།

ཞིབ་དཔྱོད་ཁང་གིས་ལོ་ཉེར་དྲུག་ཅན་གྱི་མུའུ་ནཱ་ཐའོ་ཧྥུའུ་ཡིས་ཉིས་སྟོང་དགུ་ལོ་ནས་ཉིས་སྟོང་བཅུ་གསུམ་ལོའི་བར་ནག་ཉེས་ཚབས་ཆེན་འགའ་བཟོས་པར་སྐྱོན་འཛུགས་བྱས། མུའུ་ནཱ་ཐའོ་ཧྥུའུ་ཡིས་མི་གཞན་པ་དང་མཉམ་དུ་ཧཱ་ལི་ཧྥའི་འཐབ་མོ་བ་ཞེས་པའི་འཇིགས་སྐུལ་རྩ་འཛུགས་བཙུགས་པ་དང་། རྩ་འཛུགས་དེས་ཉིས་སྟོང་བཅུ་གཅིག་ལོའི་ཟླ་བཅུ་བར་ཨ་ཐི་ལའོ་ཀྲིག་སྲིད་གཞུང་དང་ཞིབ་དཔྱོད་ཁང་གི་ཉེ་འདབས་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བཟོས་ཏེ་མི་གཅིག་རྐྱེན་ལམ་དུ་ཤོར། མུའུ་ནཱ་ཐའོ་ཧྥུའུ་དེའི་རྗེས་སུ་ཕཱ་ཁི་སི་ཐན་དུ་བྲོས་བྱོལ་བྱས་པ་དང་། རྗེས་སུ་ཕཱ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱིས་ཧཱ་སག་སི་ཐན་ལ་ཕྱིར་སྤྲད་དེ་ཁྲིམས་གཅོད་བྱེད་དུ་བཅུག་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག