མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨན་པེ་ཅིན་སན་གྱིས་ཁམ་ཕུ་ཀྲེ་དང་ལའོ་ཝའོ་ལ་འཚམས་འདྲི་བྱས་ཏེ་ཀྲུང་གོར་ཚོད་འཛིན་བྱེད་རྩིས་བྱས་པ།

རྩོམ་པ་པོ། ལོ་ཙཱ། ཕྱུག་བློ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-18 10:46

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་ཚེས16དང17ཉིན་གཉིས་ལ་ཁམ་ཕུ་ཀྲེ་དང་ལའོ་ཝའོ་རྒྱལ་ཁབ་གཉིས་ལ་འཚམས་འདྲི་བྱས། འཇར་པན་གྱི་གསར་འགྱུར་ལས་ཁུངས་སོ་སོས་ཨན་པེ་ཡི་ཐེངས་འདིའི་འཚམས་འདྲི་ལ་དོ་སྣང་ཆེན་པོ་བྱས་པ་དང་། ཨན་པེ་ཡིས་ལོ་གཅིག་གི་ནང་ལ་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་ལ་འཚམས་འདྲི་བྱས་ཚར་བ་མ་ཟད། ཀྲུང་གོའི་ཁྱིམ་མཚེས་རྒྱལ་ཁབ་ཨུ་རུ་སི་དང་མོང་གོལ་གཉིས་ལ་ཡང་འཚམས་འདྲི་བྱས་པ་དེའི་དམིགས་ཡུལ་ནི་ཆབ་སྲིད་དང་དཔལའ་བྱོར་སོགས་ཕྱོགས་མང་བོ་ནས་ཀྲུང་གོར་ཚོད་འཛིན་བྱེད་པའི་ཆེད་ཡིན་པར་འདོད།

འཇར་པན་ཐུན་མོང་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨན་པེ་ཡིས་ཚེས16ཉིན་གྱི་ཕྱི་དྲོར་ཁམ་ཕུ་ཀྲེ་ཡི་དབུ་བཞུགས་བློན་ཆེན་ཧུང་སིན་ལ་གྲོས་མོལ་བྱས་ཏེ། ཁམ་ཕུ་ཀྲེ་ལ་དཔལ་འབྱོར་དང་སྨན་བཅོས་ཐད་ནས་རོགས་སྐྱོར་བྱེད་རྒྱུའི་ཁས་བླངས་པ་མ་ཟད། འཇར་པན་གྱིས་འཛམ་གླིང་གི་ཞི་བདེའི་ཐད་ཧུར་ཐག་གིས་བྱས་རྗེས་འཇོག་འདོད་པའི་བསམ་ཚུལ་རྒྱས་བཤད་བྱས། ཨན་པེ་ཡིས་ཞི་བདེ་རིང་ལུགས་པ་ཡིན་པའི་ཆ་ནས། འཇར་པན་ཧུར་ཐག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ལ་ཞུགས་རྒྱུ་ཡིན་པར་མ་ཟད། རང་སྲུང་རུ་ཁག་གི་དཔོན་རིགས་མངགས་ཏེ་ཁམ་ཕུ་ཀྲེ་ནས་སློབ་གསོ་དང་སྦྱོང་བརྡར་སྤེལ་རྒྱུ་ཡིན་ལ། 2015ལོའི་ཟླ3པར་ཁམ་ཕུ་ཀྲེ་ནས་སྨན་བཅོས་མྱུར་སྐྱོབ་ལྟེ་གནས་འཛུགས་རྒྱུ་ཡིན་ལ། དེར་མ་དངུལ་འཇར་པན་གྱིས་སྒོར་མོ་ཐེར་འབུམ་བཞི་གཏོང་རྒྱུ་ཡིན་ཞེས་བཤད།

ལའོ་ཝའོ་ལ་འཚམས་འདྲི་བྱེད་སྐབས་ཀྱང་ཨན་པེ་ཡིས་སྔོན་ལ་དེར་རོགས་སྐྱོར་བྱེད་རྒྱུ་ཁས་བླངས་པ་དང་དེའི་རྗེས་སུ་ཞི་བདེ་རིང་ལུགས་ཀྱི་བསམ་ཚུལ་འུར་སྒྲོག་བྱས། ཨན་པེ་ཡིས་འཇར་པན་གྱིས་ལའོ་ཝའོ་ཡི་དབུལ་སྐྱོར་དང་རྨང་གཞིའི་སྒྲིག་ཆས་ཐད་མ་དངུལ་མང་བོ་གཏོང་རྒྱུ་ཡིན་པ་དང་། ལའོ་ཝའོ་རྒྱལ་སྤྱིའི་གནམ་གྲུ་ཐང་རྒྱ་བསྐྱེད་པར་འཇར་པན་གྱི་སྒོར་མོ་ཐེར་འབུམ་དགུ་བསྐྱི་རྒྱུ་ཡིན་ཞེས་བཤད་པ་མ་ཟད། འཇར་པན་གྱིས་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ཐད་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་བཤད།

འཇར་པན་གྱི་བརྙན་འཕྲིན་ཁང་ཞིག་གིས་དབྱེ་ཞིབ་བྱས་པ་ལྟར་ན། ཁམ་ཕུ་ཀྲེ་དང་ལའོ་ཝའོ་གཉིས་ནི་མེ་གུང་གཙང་བོའི་འབབ་རྒྱུད་ཆེན་པོའི་དཔལ་འབྱོར་མཉམ་ལས་ཁྲོད་ཀྱི་རྒྱལ་ཁབ་གལ་ཆེན་གཉིས་ཡིན་ལ། ཉེ་བའི་ལོ་འགར་དཔལ་འབྱོར་ཧ་ཅང་འཕེལ་རྒྱས་སུ་སོང་ཡོད། འཇར་པན་གྱིས་རྒྱལ་ཁབ་འདི་གཉིས་ལ་མ་དངུལ་བཏང་བ་མི་འདང་བས། ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་ཁམ་ཕུ་ཀྲེ་དང་ལའོ་ཝའོ་གཉིས་ལ་རྨང་གཞིའི་སྒྲིག་ཆས་ཁྱབ་ཁོངས་ནས་མཉམ་ལས་ཟབ་མོ་བྱས་ཏེ། འཇར་པན་གྱི་དཔལ་འབྱོར་གོང་དུ་སྤེལ་ནས་ཀྲུང་གོར་འགྲན་སློང་འདོད་ཡོད་ཟེར། འཇར་པན་ཐུན་མོང་གསར་འགྱུར་ཁང་གིས་བལྟས་ན། ཀྲུང་གོར་ཁམ་ཕུ་ཀྲེ་དང་དེའི་མཐའ་འཁོར་དུ་ཤན་ཤུགས་ཅུང་ཆེན་པོ་ཡོད་པས། ཨན་པེ་ཡི་འཚམས་འདྲིའི་དམིགས་ཡུལ་ནི་འཇར་པན་གྱི་ནུས་པ་འབུར་དུ་ཐོན་པར་བྱས་ཏེ་ཀྲུང་གོའི་ཁ་གཏད་དུ་ལངས་རྒྱུ་དེ་ཡིན་པར་འདོད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག