མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁཱ་མེ་ལུང་གིས་སིང་ག་ལཱའི་སྔོན་ཆད་སྟག་རྒོད་རྩ་འཛུགས་ཀྱིས་ཚོད་འཛིན་བྱེད་པའི་ས་ཁུལ་དུ་འཚམས་འདྲི་བྱས་པ།

    2013-11-17 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁི་ལོན་ཕའོ་རུ་དབྱིན་ཇི་རྒྱལ་ཕྲན་མཉམ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་བཞིན་པའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་གིས་ཚེས་བཅོ་ལྔ་ཉིན་སིང་ག་ལཱའི་སྔོན་ཆད་ཀྱི་སྟག་རྒོད་རྩ་འཛུགས་ཀྱིས་ཚོད་འཛིན་བྱེད་པའི་བྱང་ཕྱོགས་ཀྱི་ཅཱ་ཧྥུའུ་ནཱ་ཕྱེད་གླིང་ས་ཁུལ་དུ་འཚམས་འདྲི་བྱས་པར་མ་ཟད། བྱང་ཕྱོགས་ཞིང་ཆེན་གྱི་དབུ་བཞུགས་པུའུ་ཀྲང་ཝེ་ནེ་སི་ཝ་ལོན་དང་སྲིད་ཏང་གཞན་པའི་འཐུས་མི་དང་མཉམ་དུ་འགྲོ་མིའི་ཐོབ་ཐང་དང་མི་རིགས་འགྲིག་མཐུན་ལ་འབྲེལ་བའི་གནད་དོན་ཐད་ནས་གྲོས་བསྡུར་བྱས། ཁོས་ཚེས་བཅུ་དྲུག་ཉིན་སིང་ག་ལཱའི་སྲིད་གཞུང་གིས་གང་མགྱོགས་ཀྱིས་བྱང་ཕྱོགས་ས་ཁུལ་གྱི་འགྲོ་མིའི་ཐོབ་ཐང་གནས་ཚུལ་ལེགས་བཅོས་བྱས་ཏེ། མི་རིགས་འགྲིག་མཐུན་སྔ་མོ་ནས་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན།

ཁཱ་མེ་ལུང་གིས་གྲོས་མོལ་བྱས་རྗེས་ས་དེའི་ཡུལ་གྱར་བའི་སྒར་ས་ཞིག་དང་པར་འདེབས་འཕྲུལ་ཆས་མེར་བསྲེག་པའི་ཚགས་པར་ཁང་ཞིག་ལ་འཚམས་འདྲི་བྱས། ཁོས་བསྟན་དོན། ནང་འཁྲུག་མཇུག་སྒྲིལ་བ་ལས་སིང་ག་ལཱ་རྒྱལ་ཁབ་ལ་རྒྱལ་ཁའི་གོ་སྐབས་སྦྱིན་པ་དང་། ད་ལྟ་སིང་ག་ལཱའི་སྲིད་གཞུང་གིས་རྒྱལ་ཁབ་མཐུན་སྒྲིལ་བྱེད་དགོས་ཟེར།

ཁཱ་མེ་ལུང་གིས་ཚེས་བཅུ་དྲུག་ཉིན་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ལོ་ངོ་སུམ་ཅུ་ལྷག་གི་ནང་འཁྲུག་མཇུག་སྒྲིལ་རྗེས། སིང་ག་ལཱ་རྒྱལ་ཁབ་བྲེལ་མྱུར་གྱི་འཐབ་འཁྲུག་རྗེས་ཀྱི་བསྐྱར་འཛུགས་ལས་ལ་གཞོལ་བཞིན་ཡོད་པ་དང་། འཕེལ་རྒྱས་ཀྱི་སྦས་ཤུགས་དང་གསོན་ཤུགས་ཆེན་པོ་ལྡན་པ་མངོན་བཞིན་ཡོད་ཟེར། ཁོས་ཞོར་དུ་ད་རུང་དཀའ་ཁག་ཁྱད་སེལ་དང་མི་རིགས་འགྲིག་མཐུན་མངོན་འགྱུར་བྱེད་པར་དུས་ཚོད་ངེས་ཅན་དགོས་ཟེར།

ཁཱ་མེ་ལུང་གིས་ཚེས་བཅུ་དྲུག་ཉིན་དབྱིན་ཇིའི་སྒོར་མོ་ས་ཡ་གཉིས་དང་འབུམ་གཅིག་འདོན་སྤྲོད་བྱས་ཏེ། སིང་ག་ལཱའི་བྱང་ཕྱོགས་ས་ཁུལ་གྱི་ས་འོག་འགད་རྫས་གཙང་སེལ་བྱེད་པའི་བྱ་བའི་ཐད་བཀོལ་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས།

ཁཱ་མེ་ལུང་ནི་གཅིག་སྟོང་དགུ་བརྒྱ་ཞེ་བརྒྱད་ལོར་སིང་ག་ལཱ་རང་བཙན་བྱས་པའི་ཚུན་ལ་ཐོག་དང་པོར་སིང་ག་ལཱའི་བྱང་ཕྱོགས་ས་ཁུལ་དུ་འཚམས་འདྲི་བྱས་པའི་ཕྱི་རྒྱལ་གྱི་མགོ་ཁྲིད་རེད། དེའི་རྗེས་སུ་ཁཱ་མེ་ལུང་སིང་ག་ལཱའི་རྒྱལ་ས་ཁི་ལོན་ཕའོ་རུ་ཕྱིར་ལོག་ནས་སིང་ག་ལཱའི་ཙུང་ཐུང་ལཱ་ཅཱ་ཕཱ་ཁི་སཱ་དང་མཉམ་དུ་གྲོས་གཞིའི་མང་བོའི་ཐད་ནས་གྲོས་མོལ་བྱས་ཏེ། ཐད་ཀར་དུ་དབྱིན་ཇིས་སིང་ག་ལཱའི་འགྲོ་མིའི་ཐོབ་ཐང་གནད་དོན་ཐད་འཛིན་པའི་ལངས་ཕྱོགས་རྒྱས་བཤད་བྱས།

ལཱ་ཅཱ་ཕཱ་ཁི་སཱ་ཡིས་དེའི་སྔོན་བསྟན་དོན། འབྲེལ་ཡོད་ཕྱོགས་ཀྱི་སིང་ག་ལཱའི་འགྲོ་མིའི་ཐོབ་ཐང་གནད་དོན་ཐད་ཀྱི་བསམ་འཆར་ལ་ཉན་ཏེ། ཁོ་ཚོ་དངོས་སུ་སིང་ག་ལཱའི་བྱང་ཕྱོགས་ས་ཁུལ་དུ་ཡོང་ནས་དོན་དངོས་གནས་ཚུལ་ལ་རྒྱུས་ལོན་བྱེད་པར་གདན་འདྲེན་བྱེད་འདོད་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག