མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་ཆེད་མངག་ཕོ་ཉས་ཀྲུང་གོ་དང་ཧན་གོ། འཇར་པན་བཅས་ལ་འཚམས་འདྲི་བྱས་ཏེ་ཁྲའོ་ཞན་ལ་འཛིན་པའི་སྲིད་ཇུས་མཐུན་སྦྱོར་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-16 20:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཕུའུ་སཱ་ཅི་ཡིས་ཚེས14ཉིན་བཤད་རྒྱུར། ཨ་མེ་རི་ཁའི་ཁྲའོ་ཞན་སྲིད་ཇུས་ཀྱི་དམིགས་བསལ་འཐུས་མི་ཏའེ་ཝེ་སི་ཡིས་གཟའ་འཁོར་རྗེས་མར་ཀྲུང་གོ་དང་ཧན་གོ། འཇར་པན་བཅས་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། མུ་མཐུད་དུ་རྒྱལ་ཁབ་དེ་གསུམ་དང་མཉམ་དུ་ཁྲའོ་ཞན་ལ་འཛིན་པའི་སྲིད་ཇུས་མཐུན་སྦྱོར་བྱེད་པའི་གནད་དོན་ཐད་ནས་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

ཉིན་དེའི་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཕུའུ་སཱ་ཅི་ཡིས་མིག་སྔར་ཕྱོགས་དྲུག་གི་གྲོས་མོལ་སླར་གསོ་བྱེད་པར་རེ་བ་ཆེན་པོ་མེད་ཟེར། ཁོས་བཤད་རྒྱུར། ཉིས་སྟོང་ལྔ་ལོའི་ཕྱོགས་དྲུག་གི་གྲོས་མོལ་སྐབས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལས་གཏན་འཁེལ་བྱས་པའི་འོས་འགན་དང་བཅས་པའི་རྒྱལ་སྤྱིའི་འོས་འགན་བརྩི་སྲུང་བྱེད་པར་ཁྲའོ་ཞན་ཕྱོགས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱོད་དགོས་ཀྱང་། ཁྲའོ་ཞན་ཕྱོགས་ཀྱིས་འབྲེལ་ཡོད་བྱེད་ཐབས་ཅི་ཡང་སྤྱད་མེད་ཀྱང་། ཨ་མེ་རི་ཁའི་ཕྱོགས་ཀྱིས་མུ་མཐུད་དུ་ས་ཁུལ་གྲོགས་པོའི་བར་མཐུན་སྦྱོར་བྱེད་བཞིན་ཡོད་ཟེར།

ཁྲའོ་ཞན་དང་ཀྲུང་གོ། ཨུ་རུ་སི་བཅས་ཀྱིས་ཉེ་སྔོན་གང་མགྱོགས་ཀྱིས་ཆ་རྐྱེན་ཅི་ཡང་མེད་པར་ཕྱོགས་དྲུག་གི་གྲོས་མོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་། ཨོ་པཱ་མཱའི་སྲིད་གཞུང་གི་སྔོན་ཆད་ཀྱི་ཁྲའོ་ཞན་གནད་དོན་གྱི་གྲོས་མོལ་འཐུས་མི་པའོ་སི་བོ་སི་དང་ཁི་ལིན་ཏོན་སྲིད་གཞུང་སྐབས་ཀྱི་ཁྲའོ་ཞན་གནད་དོན་གྱི་གྲོས་མོལ་འཐུས་མི་ཅཱ་ལུའུ་ཆི་གཉིས་ཀྱིས་ཟླ་སྔོན་མའི་ཟླ་མཇུག་ལ་མཉམ་འབྲེལ་གྱི་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁས་ཁྲའོ་ཞན་བར་གྱི་གྲོས་མོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག