མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་ཙུང་ཐུང་གིས་རྒྱལ་ཚོགས་ཀྱིས་གནས་སྐབས་སུ་དབྱི་ལིང་གི་བཀག་སྡོམ་བྱེད་ཤུགས་ཇེ་ཆེར་གཏོང་མི་དགོས་པའི་སྐུལ་མ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-16 20:20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས14ཉིན་རྒྱལ་ཚོགས་ཀྱིས་གནས་སྐབས་སུ་དབྱི་ལིང་ལ་སྔར་ལས་ལྷག་པའི་བཀག་སྡོམ་བྱེད་ཐབས་མི་སྤྱོད་པར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་ལ་ཆ་རྐྱེན་བཟང་བོ་སྐྲུན་དགོས་ཟེར།

ཨོ་པཱ་མཱ་ཡིས་ཉིན་དེར་ཕོ་བྲང་དཀར་པོ་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་ན། ཕན་ནུས་ཆེན་པོ་ཐོན་ཡོད་པའི་བཀག་སྡོམ་བྱེད་ཐབས་ཐད་སྔར་ལས་ཤུགས་སྣོན་པའི་དགོས་པ་མེད་ཟེར།

ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་དམངས་གྲོས་ཁང་གིས་ད་ལོའི་ཟླ་བདུན་པར་གྲོས་ཆོད་བཀོད་དེ། དབྱི་ལིང་གི་བཀག་སྡོམ་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱས་པ་དང་། དམིགས་ཡུལ་ནི་ཉིས་སྟོང་བཅོ་ལྔ་ལོའི་སྔོན་ལ་དབྱི་ལིང་གི་རྡོ་སྣུམ་ཕྱིར་གཏོང་ལ་བཀག་འགོག་བྱེད་རྒྱུའི་ཆེད་དུ་རེད། གྲོས་ཞུགས་ཁང་གིས་རིགས་དེ་མཚུངས་ཀྱི་བཀག་སྡོམ་བྱེད་ཐབས་ལ་ཡར་སྐུལ་བྱེད་མིན་ལ་བསམ་བློ་གཏོང་བཞིན་ཡོད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། གལ་ཏེ་རྒྱལ་ཚོགས་ཕྱོགས་གཅིག་གིས་བཀག་སྡོམ་བྱེད་ཤུགས་ཇེ་ཆེར་བཏང་ན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་ལ་གནོད་པ་ཐེབས་སྲིད་ལ། ཐ་ན་གྲོས་མོལ་དེར་གཏོར་བརླག་ཐེབས་ཀྱང་སྲིད་ཟེར།

ཨོ་པཱ་མཱ་ཡིས་བཤད་རྒྱུར། ད་ཡོད་ཀྱི་བཀག་སྡོམ་བྱེད་ཐབས་ཀྱིས་དབྱི་ལིང་གི་དཔལ་འབྱོར་ལ་ཆམ་ཕབ་གཏོང་བར་ཕན་ནུས་ཐོན་ཡོད་ཅིང་། དབྱི་ལིང་གི་དཔལ་འབྱོར་འཕར་ཚད་ན་ནིང་བརྒྱ་ཆའི་གྲངས་གནས་ལྔ་ཇེ་དམའ་རུ་སོང་བ་དང་། ཉིན་རྒྱུན་གྱི་དཔལ་འབྱོར་འཚོ་བར་ཡང་དཀའ་ཁག་ཆེན་པོ་བྱུང་ཡོད་ཟེར། ཁོས་རྒྱལ་ཚོགས་ཀྱིས་དབྱི་ལིང་གི་རྣམ་འགྱུར་ལ་བལྟ་དགོས་པའི་གྲོས་གཞི་བཏོན་པ་དང་། གལ་ཏེ་དབྱི་ལིང་གིས་མི་སེམས་སྐྱོ་བའི་རྣམ་འགྱུར་བསྟན་ན། ཡང་བསྐྱར་མུ་མཐུད་དུ་བཀག་སྡོམ་བྱེད་ཤུགས་ཇེ་ཆེར་བཏང་ཡང་འཕྱི་མེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག