མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཐའོ་ཡཱའི་སྲིད་གཞུང་གིས་གསར་སྤེལ་དངུལ་ཁང་བཙུགས་ཏེ་ཁེ་ལས་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-16 20:20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕུའུ་ཐའོ་ཡཱའི་སྲིད་གཞུང་གིས་ཚེས14ཉིན་གསར་སྤེལ་དངུལ་ཁང་བཙུགས་ཏེ། ཁེ་ལས་ཆུང་འབྲིང་གི་དངུལ་གསོག་ལ་རོགས་རམ་བྱས་ནས་དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཕུའུ་ཐའོ་ཡཱའི་དཔལ་འབྱོར་བློན་ཆེན་ཏི་ལེ་མཱ་ཡིས་ཉིན་དེའི་པུའུ་ཀྲང་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་གྲོས་ཚོགས་གྲོལ་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕུའུ་ཐའོ་ཡཱའི་སྲིད་གཞུང་གིས་ཆེད་དོན་དངུལ་རྩའི་ཞབས་ཞུའི་ལས་ཁུངས་གསར་སྤེལ་དངུལ་ཁང་བཙུགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཁེ་ལས་ཀྱི་དངུལ་གསོག་ལ་སྟབས་བདེ་བཟོ་བ་དང་། ཁྱད་པར་དུ་ཁེ་ལས་ཆུང་འབྲིང་ལ་དངུལ་ལོར་དང་དངུལ་བུན་འདོན་སྤྲོད་བྱེད་པར་རོགས་རམ་བྱས་ནས། དངུལ་གཏོང་ལ་སྐུལ་མ་གཏོང་བ་དང་དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་བྱེད་རྒྱུའི་འཆར་གཞི་ཡོད་ཟེར།

ཏི་ལེ་མཱ་ཡིས་བསྟན་དོན། ཕུའུ་ཐའོ་ཡཱའི་སྲིད་གཞུང་གིས་གསར་སྤེལ་དངུལ་ཁང་འཛུགས་པའི་དམིགས་ཡུལ་གཙོ་བོ་ནི་ད་ཡོད་ཀྱི་ཚོང་ལས་དངུལ་ཁང་གིས་ཁེ་ལས་ལ་དངུལ་གསོག་དང་དངུལ་བུན་ཞབས་ཞུ་འདོན་སྤྲོད་བྱེད་པའི་ཐད་ཀྱི་མི་འདང་ས་ཁ་སྐོང་བྱེད་པའི་ཆེད་དུ་ཡིན་ལ། གསར་སྤེལ་དངུལ་ཁང་གིས་གཙོ་བོ་ཡོ་རོབ་གླིང་གི་དངུལ་གཏོང་དངུལ་ཁང་སོགས་ལས་ཁུངས་ཀྱིས་འདོན་སྤྲོད་བྱས་པའི་མ་དངུལ་བེད་སྤྱད་དེ་ཁེ་ལས་ཆུང་འབྲིང་ལ་དུས་ཡུན་རིང་བོའི་དངུལ་བུན་འདོན་སྤྲོད་བྱེད་དགོས་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན། ཕུའུ་ཐའོ་ཡཱའི་གསར་སྤེལ་དངུལ་ཁང་གི་སྤྱི་ཁྱབ་པུའུ་དེ་ཕུའུ་ཐའོ་ཡཱའི་གྲོང་ཁྱེར་ཆེན་པོ་གཉིས་པ་པའོ་ཨར་ཐུའུ་ནས་འཛུགས་རྒྱུ་ཡིན་པ་དང་། འཆར་གཞི་ལྟར་ན་དངུལ་ཁང་དེས2014ལོའི་ལོ་སྟོད་ནས་བཟུང་ལས་གཉེར་བྱེད་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག