མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་ནེ་ཀྲི་རི་ཡཱའི་ཐལ་སྤྱོད་རྩ་འཛུགས་གཉིས་ཕྱི་རྒྱལ་གྱི་འཇིགས་སྐུལ་རྩ་འཛུགས་སུ་ཐག་གཅོད་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-14 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས13ཉིན་གསལ་སྒྲོག་སྤེལ་ཏེ། ནེ་ཀྲི་རི་ཡཱའི་ཐལ་སྤྱོད་རྩ་འཛུགས་པའོ་ཁི་གནས་མཆོག་དང་ཨན་སཱ་ལུའུ་གཉིས་ཕྱི་རྒྱལ་གྱི་འཇིགས་སྐུལ་རྩ་འཛུགས་སུ་ངོས་འཛིན་བྱས་པ་དང་། ཞོར་དུ་རྩ་འཛུགས་དེ་གཉིས་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཙུང་ཐུང་གི་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་བློ་འདོན་པ་མའོ་ནཱ་ཁི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། འདས་པའི་ལོ་འགའི་ནང་། པའོ་ཁི་གནས་མཆོག་དང་ཨན་སཱ་ལུའུ་རྩ་འཛུགས་གཉིས་ཆོས་ཁང་གི་འཇབ་རྒོལ་དང་མི་སེར་དཀྱུས་མའི་དམར་གསོད་བྱ་འགུལ་ཐེངས་བཅུ་ལྷག་ལ་ཞུགས་མྱོང་བ་དང་། ནེ་ཀྲི་རི་ཡཱའི་བྱང་ཤར་ཕྱོགས་དང་དབུས་ཕྱོགས་ས་ཁུལ་དུ་མི་སྟོང་ཕྲག་འགའི་ཚེ་སྲོག་འཕྲོག་ཡོད་ཟེར།

པའོ་ཁི་གནས་མཆོག་དང་ཨན་སཱ་ལུའུ་གཉིས་ཕྱི་རྒྱལ་གྱི་འཇིགས་སྐུལ་རྩ་འཛུགས་ནང་བཞག་པའི་ཞོར་དུ་ཨ་མེ་རི་ཁས་རྩ་འཛུགས་དེ་ཨ་མེ་རི་ཁའི་དངུལ་ལོར་ཚོང་རར་ཞུགས་པར་གཏན་འགོག་བྱེད་རྒྱུ་དང་། དངུལ་ཁང་གིས་རྩ་འཛུགས་དེ་གཉིས་ཀྱི་ཨ་མེ་རི་ཁའི་མངའ་ཁོངས་ཀྱི་རྒྱུ་ནོར་བཀག་འཇོག་བྱེད་པར་ཆོག་མཆན་བཀོད་པར་མ་ཟད། ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་རྩ་འཛུགས་དེ་གཉིས་ལ་རྒྱུ་དངོས་ཀྱི་རྒྱབ་སྐྱོར་དང་མ་དངུལ་གྱི་འགྲོ་འོང་བྱེད་པ་གཏན་འགོག་བྱེད་རྒྱུ་རེད།

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁ་ནམ་ཡང་བློ་བརྟན་འགྱུར་མེད་ཀྱིས་ནེ་ཀྲི་རི་ཡཱའི་རྒྱབ་རྩ་ནས་ལངས་ཏེ། མཉམ་དུ་རྩ་འཛུགས་དེ་གཉིས་ཀྱི་འཇིགས་སྐུལ་བྱ་འགུལ་རྩ་མེད་དུ་གཏོང་བར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག