མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་དང་རྒྱ་གར་གྱིས་མཚོ་ཐོག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-13 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཨན་ཐེན་བུན་ཞོང་དང་རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་ཧུའུ་ཨར་ཞེ་ཏི་གཉིས་ཀྱིས་ཚེས12ཉིན་ཁྱབ་སྒྲོག་བྱས་དོན། འཇར་པན་གྱི་མཚོ་ཐོག་རང་སྲུང་རུ་ཁག་དང་རྒྱ་གར་མཚོ་དམག་གིས་ད་ལོའི་ལོ་མཇུག་ལ་མཚོ་ཐོག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། དྷི་ལེ་གསར་བ་རུ་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་ལ་ཞུགས་པའི་ཨན་ཐེན་བུན་ཞོང་དང་ཧུའུ་ཨར་ཞེ་ཏི་གཉིས་ཀྱིས་ཉིན་དེར་གྲོས་མོལ་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱིས་མཚོ་ཐོག་ནས་མཉམ་འབྲེལ་གྱི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བར་འཐད་པ་བྱུང་། དེ་ནི་ན་ནིང་གི་ཟླ6པར་འཇར་པན་ནས་སྤེལ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་རྗེས་སུ། འཇར་པན་དང་རྒྱ་གར་གྱིས་སྤེལ་བའི་མཚོ་ཐོག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཐེངས་གཉིས་པ་རེད།

འཇར་པན་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ད་རུང་གང་མགྱོགས་ཀྱིས་བྱ་བའི་ཚན་ཆུང་བཙུགས་ཏེ། འཇར་པན་གྱིས་རྒྱ་གར་ལus-2རྟགས་ཅན་གྱི་སྐམ་ཆུ་གཉིས་སྤྱོད་ཀྱི་རྒུད་སྐྱོབ་གནམ་གྲུ་ཕྱིར་གཏོང་བྱེད་པའི་འཆར་གཞི་དངོས་འབེབ་བྱེད་པར་འཐད་པ་བྱུང་།

གནམ་གྲུ་དེ་རིགས་ནི་འཇར་པན་ཞིན་མེན་དང་བཟོ་ལས་ཀྲུའུ་ཧྲི་ཀུང་ཟི་ཡིས་བཟོ་སྐྲུན་བྱས་པ་ཡིན་ཞིང་། མཚོ་ཐོག་རང་སྲུང་རུ་ཁག་གི་སྒྲིག་ཆས་ཡིན་ལ། ཆེས་ཆེ་བའི་འགྲུལ་བཞུད་ཀྱི་ལམ་ཚད་སྤྱི་ལེ་སྟོང་བཞི་དང་བདུན་བརྒྱ་ཡིན། སྨིད་གསུམ་གྱི་མཐོ་ཚད་ཡོད་པའི་རྦ་རླབས་སྟེང་བདེ་བར་བགྲོད་ཐུབ་པ་རེད། རྒྱ་གར་སྲིད་གཞུང་གིས་ཉུང་མཐར་ཡང་གནམ་གྲུ་དེ་རིགས་བཅོ་ལྔ་ཉོ་རྩིས་ཡོད་པ་དང་། ཚོད་དཔག་བྱས་ན་གནམ་གྲུ་རེའི་ཕྱིར་འཚོང་རིན་གོང་མེ་སྒོར་བྱེ་བ་དགུ་དང་ས་ཡ་དགུ་རེད། བསྒྲགས་པའི་གནས་ཚུལ་ལྟར་ན། གལ་ཏེ་ཉོ་ཚོང་དེ་དོན་འཁྱོལ་བྱུང་ན། འཇར་པན་གྱིས་མཚོན་ཆ་ཕྱིར་གཏོང་གི་རྩ་དོན་གསུམ་གཏན་འཁེལ་བྱས་ཏེ་ལོ་ངོ་ཞེ་དྲུག་འགོར་བའི་རིང་ལ། ཐོག་དང་པོར་དམངས་སྤྱོད་ཀྱི་རྒྱལ་སྲུང་སྒྲིག་ཆས་ཕྱིར་གཏོང་བྱས་པ་རེད་ཟེར།

དེ་ལས་གཞན། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ད་རུང་འཇར་པན་གྱིས་རྒྱ་གར་ལ་ཉིང་རྡུལ་ནུས་པའི་སྒྲིག་ཆས་དང་ལག་རྩལ་ཕྱིར་གཏོང་བྱེད་པ་དང་། དེ་མིན་འཇར་པན་གྱི་གནམ་བསྐོས་གོང་མ་ཁྱོ་ཤུག་གཉིས་ཀྱིས་ཟླ་བཅུ་གཅིག་པའི་ཟླ་སྨད་ལ་རྒྱ་གར་དུ་འཚམས་འདྲི་བྱེད་པའི་འཆར་གཞི་བཅས་ལ་གྲོས་བསྡུར་བྱས།

ཉེ་བའི་ལོ་འགའི་རིང་། འཇར་པན་གྱིས་རྒྱ་གར་བར་གྱི་འབྲེལ་བར་ཤུགས་སྣོན་བྱས། ད་ལོའི་ཟླ5བར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་རྒྱ་གར་གྱི་ཙུང་ལི་ཞིན་ཀི་གཉིས་ཀྱིས་ཏུང་ཅིན་ནས་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས་འཇར་པན་དང་རྒྱ་གར་གྱི་འཛམ་གླིང་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་རྒྱུ་ཐག་བཅད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག