མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དང་ཨེ་ཅིབ་ཀྱིས་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱི་གྲོས་མོལ་སྤེལ་རྒྱུ་ཡིན་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-12 10:53

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨུ་རུ་སིའི་ཕྱི་འབྲེལ་ལས་ཁུངས་ཀྱི་དྲ་ཚིགས་སྟེང་ཚེས11ཉིན་བཀོད་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་གཉིས་ཀྱིས་ཚེས13ཉིན་ནས་ཚེས14བཅུ་བཞིའི་ཉིན་བར་ཨེ་ཅིབ་རྒྱལ་ཁབ་ལ་བྱ་བའི་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། འཚམས་འདྲིའི་སྐབས་སུ་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱི་གྲོས་མོལ་ཐོག་མ་སྤེལ་རྒྱུ་རེད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་ལས་ཁུངས་ཀྱིས་བཤད་རྒྱུར། ལཱ་ཧྥུའུ་ལོ་ཧྥུའུ་དང་ཧྲའོ་དབྱེ་ཀུའུ་གཉིས་ཀྱིས་ད་རུང་སོ་སོར་ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥ་ཧི་མུས་དང་ཙུང་ལི་གཞོན་པ་དང་པོ་དང་རྒྱལ་སྲུང་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་སེ་ཞི་གཉིས་དང་གྲོས་མོལ་བྱེད་རྒྱུ་རེད། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱིས་དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མའི་གནས་བབ་དང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར། དམག་དོན་ལག་རྩལ། ཁྱབ་ཁོངས་གཞན་པའི་མཉམ་ལས་ལ་ཤུགས་སྣོན་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་ལས་ཁུངས་ཀྱིས་བསྟན་དོན། ཨེ་ཅིབ་ནི་ཨུ་རུ་སིའི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་བར་སྲོལ་རྒྱུན་གྱི་མཛའ་མཐུན་འབྲེལ་བ་ཡོད་ཅིང་། ཁྱབ་ཁོངས་སོ་སོའི་མཉམ་ལས་དེ་ཕན་ཚུན་གྱི་ཁེ་ཕན་ལ་བསམ་བློ་གཏོང་བའི་རྨང་གཞིའི་སྟེང་བཙུགས་ཡོད། ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱི་གྲོས་མོལ་སྤེལ་བ་དེ་ལས་ཨུ་རུ་སིའི་ཕྱོགས་ཀྱིས་ཨེ་ཅིབ་བར་གྱི་འབྲེལ་བ་སྔར་ལས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་བཞིན་པ་མཚོན་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཨེ་ཅིབ་ཀྱིས་བརྟན་འཇགས་དང་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ནུས་པ་གལ་ཆེན་འདོན་པར་རེ་བ་བྱེད་བཞིན་ཡོད་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག