མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐེ་གོས་ཁམ་པོ་རྫ་དང་མཉམ་དུ་མཐའ་མཚམས་རྩོད་གླེང་ཐག་གཅོད་བྱེད་པའི་ཐབས་ལམ་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པར་བཤད་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-12 10:53

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཐེ་གོའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་སོ་ལཱ་ཕིན་གྱིས་ཚེས11ཉིན་བསྟན་དོན། ཐེ་གོའི་ཕྱོགས་ཧེ་ཡཱ་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཉིན་དེར་པོ་ཝེ་ཞཱ་དགོན་པའི་ཉེ་འཁོར་ས་ཁུལ་གྱི་ས་ཁོངས་རྩོད་གཞི་ཐག་གཅོད་པའི་ཆོད་དོན་ལ་ཕལ་ཆེར་ཡིད་ཚིམས་ཡོད་པ་དང་། ཁམ་པོ་རྫ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་བཙུགས་ཏེ་མཐའ་མཚམས་རྩོད་གླེང་ཐག་གཅོད་བྱེད་པའི་ཐབས་ལམ་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

སོ་ལཱ་ཕིན་ཧེ་ཡཱ་ནས་ཉིན་དེའི་རྒྱལ་སྤྱིའི་ཁྲིམས་ཁང་གི་འདྲི་གཅོད་ལ་ཞུགས་རྗེས་གོང་གི་སྐད་ཆ་དེ་བཤད་པ་རེད། ཧི་ལན་དུ་སྡོད་པའི་ཐེ་གོའི་གཞུང་ཚབ་ཆེན་མོ་ཝེ་ལཱ་ཁྲ་ཡིས་དེའི་རྗེས་སུ་གསར་འགོད་པར་བཤད་རྒྱུར། རྒྱལ་སྤྱིའི་ཁྲིམས་ཁང་གི་ཆོད་དོན་ལས། གཅིག་སྟོང་དགུ་བརྒྱ་རེ་གཉིས་ལོར་ཐག་གཅོད་བྱས་པའི་མཇུག་འབྲས་སྲུང་འཛིན་བྱས་པ་དང་། ཁམ་པོ་རྫ་ཡིས་པོ་ཝེ་ཞཱ་དགོན་པའི་ཉེ་འདབས་ཀྱི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་བཞི་དང་གྲངས་ཆུང་དྲུག་གི་ས་ཁོངས་ཀྱི་བདག་དབང་བསམ་པའི་རེ་བ་དང་ལེན་མ་བྱས་པར། ཁམ་པོ་རྫ་ཕྱོགས་ལ་དགོན་པའི་ཉེ་འདབས་ཀྱི་ས་ཁོངས་ཆུང་ཆུང་ཞིག་ལས་བྱིན་མེད། རྒྱལ་སྤྱིའི་ཁྲིམས་ཁང་གིས་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་ལ་གཏན་འཁེལ་གསལ་བོ་བྱས་མེད་པ་དང་། ཐེ་གོ་དང་ཁམ་པོ་རྫ་ཕྱོགས་གཉིས་ཀྱིས་ཞི་བའི་ཐབས་ལ་བརྟེན་ནས་ས་ཁོངས་རྩོད་གླེང་ཐག་གཅོད་བྱེད་པའི་ཐབས་ལམ་ལ་མཉམ་དུ་གྲོས་བསྡུར་བྱེད་དགོས་པ་དང་།འཛམ་གླིང་རིག་གནས་ཤུལ་བཞག་གི་གྲས་སུ་གཏོགས་པའི་པོ་ཝེ་ཞཱ་དགོན་པར་མཉམ་དུ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན།

ཐེ་གོའི་ཙུང་ལི་དབྱིན་ལཱ་ཡིས་ཉིན་དེའི་དགོང་མོར་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ་བཤད་རྒྱུར། སྲིད་གཞུང་གིས་གང་ནུས་ཀྱིས་རྒྱལ་ཁབ་དང་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཏེ། ཞི་བའི་ཐབས་ལ་བརྟེན་ནས་ཁམ་པོ་རྫ་དང་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།

ཐེ་གོའི་མང་ཚོགས་ཁྲི་ཕྲག་ལྷག་མན་ཀུའུ་སྲང་ལམ་དུ་སོང་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་འདུ་ཚོགས་བསྡུས། པོ་ཝེ་ཞཱ་དགོན་པའི་ཁྲིམས་གཅོད་མཇུག་འབྲས་ཀྱང་འདུ་ཚོགས་བསྡུས་པའི་རྒྱུ་རྐྱེན་གཅིག་རེད། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྩ་འཛུགས་ཀྱིས་བལྟས་ན། དབྱིན་ལཱ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པའི་ནུས་པ་མེད་པ་དང་། རྒྱལ་སྤྱིའི་ཁྲིམས་ཁང་གི་ཁྲིམས་གཅོད་མཇུག་འབྲས་དང་ལེན་མི་བྱེད་པའི་ཚུལ་བསྟན།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག