མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་ཨུ་རུ་སི། རྒྱ་གར་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་དྷི་ལེ་གསར་བ་ནས་གྲོས་མོལ་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-12 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཕྱི་འབྲེལ་བློན་ཆེན་བང་དབྱེ་ཡིས་ཚེས10ཉིན་དྷི་ལེ་གསར་བ་ནས་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་། རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་ཧུའུ་ཨར་ཞེ་ཏི་གཉིས་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སི། རྒྱ་གར་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་མོལ་ཐེངས་བཅུ་གཉིས་པ་བསྡུས།

བང་དབྱེ་ཡིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སི། རྒྱ་གར་བཅས་རྒྱལ་ཁབ་གསུམ་ནི་འཛམ་གླིང་གི་རྒྱལ་ཁབ་ཆེན་མོ་གསུམ་ཡིན་པ་དང་། གསར་དར་ཚོང་རའི་རྒྱལ་ཁབ་ཀྱང་ཡིན། རྒྱལ་ཁབ་གསུམ་གྱིས་དངོས་གཉེར་མཉམ་ལས་སྤེལ་ན་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་ཐད་སྒུལ་ཤུགས་གསར་བ་སྣོན་ཐུབ། རྒྱལ་ཁབ་གསུམ་གྱིས་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་ཞི་བདེ་དང་བརྟན་འཇགས་ཐད་འགན་སྲུང་སྔར་ལས་ཆེན་པོ་ཐོབ་པར་བྱེད་ཐུབ། རྒྱལ་ཁབ་གསུམ་གྱིས་གཅིག་མཐུན་གྱི་འབོད་སྐུལ་བཏང་ན། མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ཐད་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་སྲིད་ཟེར།

བང་དབྱེ་ཡིས་བསྟན་དོན། རྒྱལ་ཁབ་གསུམ་གྱིས་འཐབ་ཇུས་དང་ཁྱོན་ཡོངས་ལ་ཁ་ཕྱོགས་ཏེ་ཀྲུང་གོ་དང་ཨུ་རུ་སི། རྒྱ་གར་བཅས་ཀྱི་མཉམ་ལས་ལ་ཡར་སྐུལ་བྱེད་དགོས་པ་དང་། གཙོ་བོ་འཐབ་ཇུས་ཀྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་རྒྱལ་སྤྱིའི་ལས་དོན་ཆེན་མོར་མཐུན་སྦྱོར་བྱེད་པ། དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་བཅས་ཕྱོགས་གསུམ་ལ་ཁ་གཏོད་དགོས་ཟེར།

རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་རྒྱ་ཆེན་པོ་བྱུང་། ཨུ་རུ་སི་དང་རྒྱ་གར་ཕྱོགས་གཉིས་ཀྱིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོས་བསྡུ་བཞིན་པའི་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། གྲོས་ཚོགས་དེ་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་ཡིད་ཆེས་ཀྱིས་ཁེངས་ཡོད། ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ལས་དོན་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པའི་སྨོན་འདུན་ཞུས་པ་ཡིན་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག