མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁི་ལེ་ཡིས་ཨ་མེ་རི་ཁས་མུ་མཐུད་དུ་དབྱི་ལིང་ལ་བཀག་སྡོམ་བྱེད་རྒྱུ་ཡིན་པར་བཤད་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-12 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཚེས11ཉིན་ཨ་པུའུ་ཀྲ་པུས་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ཨ་ལེ་ནཱ་ཧཱ་དབྱང་ལ་ཐུག་འཕྲད་བྱས་པ་དང་། དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་གི་གྲོས་གཞི་དང་ལེན་མ་བྱས་པས། ཨ་མེ་རི་ཁས་མུ་མཐུད་དུ་དབྱི་ལིང་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

ཁི་ལེ་ཡིས་བཤད་རྒྱུར། དབྱི་ལིང་གིས་ཕྱི་ཕྱོགས་ལ་རང་ཉིད་ཀྱི་ཉིང་རྡུལ་ནུས་པའི་འཆར་གཞི་དེ་ཞི་བདེའི་ཆེད་དུ་ཡིན་པ་བདེན་དཔང་བྱེད་དགོས་པ་དང་། དམག་དོན་མ་ཡིན་པར་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་ཟེར། ཁོས་བཤད་རྒྱུར། དབྱི་ལིང་ལ་ཉིང་རྡུལ་ནུས་པ་ཡོད་ན་དབྱི་སི་རལ་དང་བཅས་པའི་ས་ཁུལ་ཡོངས་ལ་འཇིགས་ཉེན་ཐེབས་སྲིད་པས། ཕྱོགས་སོ་སོས་ཡིད་ཚིམས་པའི་གྲོས་མཐུན་ཞིག་འགོད་རག་བར་དུ་ཨ་མེ་རི་ཁས་མུ་མཐུད་དུ་དབྱི་ལིང་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

ཨ་པུའུ་ཏུའུ་ལཱ་ཡིས་བལྟས་ན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཆེས་བཟང་བའི་ཐག་གཅོད་བྱེད་ཐབས་ནི་ཆབ་སྲིད་དང་ཕྱི་འབྲེལ་གྱི་གྲོས་མོལ་ཡིན་པ་དང་། དབྱི་ལིང་གིས་ངེས་པར་དུ་རང་གི་ཉིང་རྡུལ་ནུས་པའི་འཆར་གཞི་དེ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་གསལ་བོར་ཡོངས་བསྒྲགས་བྱེད་དགོས་པར་འདོད།

སི་རི་ཡཱའི་གནས་བབ་གླེང་སྐབས་ཁི་ལེ་ཡིས་བཤད་རྒྱུར། ཞི་བའི་ཐབས་ལ་བརྟེན་ནས་སི་རི་ཡཱའི་འཁྲུག་རྩོད་མཇུག་སྒྲིལ་དགོས་པ་དང་། ཨ་མེ་རི་ཁས་སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པ་སྔ་མོ་ནས་བསྡུ་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

ཁི་ལེ་རི་ནེ་ཝ་ནས་བསྡུས་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་སྐོར་ཐེངས་གསར་བའི་གྲོས་མོལ་ལ་ཞུགས་རྗེས། ཚེས10ཉིན་ནས་བཟུང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་འཚམས་འདྲི་བྱེད་མགོ་བརྩམས་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག