མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སྐོར་ཐེངས་གསར་བའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་ཚོགས་ནས་གནད་དོན་མང་བོ་ཐག་གཅོད་ཐུབ་མེད་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-10 20:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁ་དང་ཧྥ་རན་སི། ཨུ་རུ་སི། ཀྲུང་གོ། འཇར་མན་བཅས་རྒྱལ་ཁབ་དྲུག་དང་དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞིའི་ཐད་ནས་རི་ནེ་ཝ་ནས་བསྡུས་པའི་སྐོར་ཐེངས་གསར་བའི་གྲོས་མོལ་དེས་ཚེས9ཉིན་ཉིན་གསུམ་པའི་གྲོས་མོལ་བྱེད་མགོ་བརྩམས། ཕྱོགས་སོ་སོས་བསྟན་དོན། མིག་སྔར་གནད་དོན་མང་བོ་སྔར་བཞིན་ཐག་གཅོད་བྱས་མེད་ཟེར།

ཨ་མེ་རི་ཁ་དང་ཧྥ་རན་སི། ཨུ་རུ་སི། ཀྲུང་གོ། འཇར་མན་བཅས་རྒྱལ་ཁབ་དྲུག་དང་དབྱི་ལིང་གིས་ཚེས7ཉིན་རི་ནེ་ཝ་ནས་མགོ་བརྩམས་པའི་སྐོར་ཐེངས་གསར་བའི་གྲོས་མོལ་དེ་ཉིན་གཉིས་ལ་སྤེལ་རྒྱུ་ཐག་བཅད་ཡོད་ཀྱང་། ཕྱོགས་སོ་སོས་གྲོས་མཐུན་འགོད་པར་བརྩོན་བཞིན་ཡོད་སྟབས། ཚེས་བརྒྱད་ཉིན་མཇུག་སྒྲིལ་དགོས་པའི་སྐོར་ཐེངས་འདིའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རི་ནེ་ཝའི་གྲོས་མོལ་དེ་ཚེས་དགུ་ཉིན་མུ་མཐུད་དུ་སྤེལ་བ་རེད།

ཚེས8ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་། ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཧྥ་པུས་ཡུག་སི། དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧེ་ཀི། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཝེ་སི་ཐི་ཝེ་ལེ་བཅས་རི་ནེ་ཝ་རུ་འབྱོར་བ་དང་། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡང་ཚེས་དགུ་ཉིན་རི་ནེ་ཝའི་གྲོས་མོལ་ལ་ཞུགས། རྒྱལ་ཁབ་མང་བོའི་ཕྱི་འབྲེལ་འགན་ཁུར་བ་དག་གནས་སྐབས་སུ་རི་ནེ་ཝ་རུ་བསླེབས་པས། ཕྱི་ཕྱོགས་ཀྱིས་ཐེངས་འདིའི་གྲོས་མོལ་ནས་གྲུབ་འབྲས་ངེས་ཅན་ལོན་པར་རེ་བས་ཁེངས་ཡོད།

ཚེས8ཉིན་གྱི་དགོང་མོར། ཁི་ལེ་དང་གྲོས་མོལ་ལ་སྣེ་ཁྲིད་བྱེད་པའི་ཡོ་རོབ་གླིང་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་བཅས་ཀྱིས་དུས་ཚོད་ལྔའི་རིང་གྲོས་མོལ་བྱས། གྲོས་མོལ་མ་བྱས་གོང་ཁི་ལེ་ཡིས་ཁོས་གནས་སྐབས་སུ་འགྲུལ་བཞུད་ཉིན་རིམ་བསྒྱུར་ནས་རི་ནེ་ཝ་རུ་ཡོང་བའི་དམིགས་ཡུལ་ནི་ཕྱོགས་སོ་སོའི་བར་གྱི་འགལ་བ་ཇེ་ཆུང་དུ་གཏོང་བའི་ཆེད་དུ་ཡིན་ལ། ཧ་ཅང་གལ་ཆེ་བའི་གནད་དོན་རེ་འགའ་ཐག་གཅོད་བྱེད་དགོས་པ་ནན་བཤད་བྱས།

ཧེ་ཀི་ཡིས་ཚེས9ཉིན་གྱི་སྔ་དྲོར་རི་ནེ་ཝ་ནས་བསྟན་དོན། མིག་སྔར་ཕྱོགས་སོ་སོས་གོ་སྐབས་དམ་འཛིན་བྱས་ཏེ་ལོ་ངོ་བཅུ་ལྷག་འགོར་བའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་གྲུབ་འབྲས་ལོན་པར་བྱེད་དགོས་པ་དང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་བྱེ་བྲག་གི་ནང་དོན་རེ་རེར་དཔྱད་ཞིབ་ནན་མོ་བྱེད་དགོས་ཟེར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་བལྟས་ན་ཐེངས་འདིའི་གྲོས་མོལ་ལ་གྲུབ་འབྲས་ཆེན་པོ་ལྡན་ཡང་ད་རུང་བྱ་བ་མང་བོ་བསྒྲུབ་དགོས་པར་འདོད། ཧྥ་པུས་ཡུག་སི་དང་ཧེ་ཀི་གཉིས་ཀྱི་ལྟ་ཚུལ་གཅིག་མཚུངས་ཡིན་པ་དང་། གནས་སྐབས་སུ་ཐེངས་འདིའི་གྲོས་མོལ་ནས་འབྲེལ་ཡོད་གྲོས་མཐུན་འགོད་ཐུབ་མིན་ཐག་གཅོད་བྱེད་ཐབས་མེད་པ་ནན་བཤད་བྱས།

ཐེངས་འདིའི་གྲོས་མོལ་ལ་ཞུགས་པའི་རྒྱལ་སྤྱིའི་གསར་འགྱུར་ལས་རིགས་ཀྱིས་ཡོངས་ཁྱབ་ཏུ་བལྟས་ན། རྒྱལ་ཁབ་དྲུག་དང་དབྱི་ལིང་གིས་གྲོས་མཐུན་འགོད་པར་རེ་བ་བཅངས་ཡོད་ཀྱང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་ཁེ་དབང་དང་ནུབ་ཕྱོགས་ཀྱིས་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་ཇེ་ལྷོད་དུ་གཏོང་བ་སོགས་བྱེ་བྲག་གི་གནད་དོན་ཐད་ནས་སྔར་བཞིན་གྲོས་མོལ་དང་འབྲེལ་འདྲིས་བྱེད་དགོས་པར་འདོད།

རི་ནེ་ཝའི་ཕྱི་འབྲེལ་མི་སྣས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། རྒྱལ་ཁབ་དྲུག་དང་དབྱི་ལིང་གིས་ཟླ10བའི་ཟླ་དཀྱིལ་ལ་བསྡུ་རྒྱུ་ཡིན་པའི་གྲོས་མོལ་ཁྲོད་ཐུན་མོང་གི་གྲོས་མཐུན་འགོད་རྒྱུ་ཡིན་པ་དང་། ཆེས་མཇུག་མཐའི་གྲོས་མཐུན་མ་བཀོད་པའི་གནས་ཚུལ་འོག ཕྱོགས་སོ་སོས་གྲོས་མོལ་བྱས་པའི་གནས་ཚུལ་ཕྱི་ཕྱོགས་ལ་ཁྱབ་སྒྲོག་བྱེད་རྒྱུ་མ་རེད་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག