མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་རྒྱ་མཚོའི་ཁུག་རྟ་ཞེས་པའི་དྲག་རླུང་གིས་གྱོང་གུད་ཚབས་ཆེན་བཟོས་པར་ཡིད་སྐྱོ་བའི་ཚུལ་བསྟན་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-10 20:26

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས9ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། རྒྱ་མཚོའི་ཁུག་རྟ་ཞེས་པའི་དྲག་རླུང་གིས་ཧྥེ་ལེ་པེན་ནས་མི་སྣ་ཤི་རྨས་དང་དཔལ་འབྱོར་གྱི་གྱོང་གུད་ཚབས་ཆེན་བཟོས་པར་ཡིད་སྐྱོ་བའི་ཚུལ་བསྟན།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་བུན་གྱིས་རྒྱ་མཚོའི་ཁུག་རྟ་ཞེས་པའི་དྲག་རླུང་གིས་ཧྥེ་ལེ་པེན་ནས་མི་མང་བོར་ཤི་རྨས་བཟོས་པ་དང་། ཁང་བ་དང་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་ཚབས་ཆེན་བཟོས་པར་ཡིད་སྐྱོ་བའི་ཚུལ་བསྟན་པར་མ་ཟད། ཧྥེ་ལེ་པེན་སྲིད་གཞུང་དང་མི་དམངས། ཁྱད་པར་དུ་གནོད་འཚེའི་ཁྲོད་ཁྱིམ་མིའི་ཚེ་སྲོག་ཤོར་བའི་ཁྱིམ་ཚང་དང་གནོད་ཐེབས་མང་ཚོགས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས།

གསལ་སྒྲོག་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་ཁུངས་དང་དེའི་མཉམ་ལས་གྲོགས་པོས་མིག་སྔར་ཧྥེ་ལེ་པེན་སྲིད་གཞུང་བར་མཉམ་ལས་ཟབ་མོ་བྱས་ཏེ། གནོད་ཐེབས་གནས་ཚུལ་ལ་བསྡོམས་རྩིས་བྱེད་བཞིན་ཡོད་པར་མ་ཟད། བྱེད་ཐབས་ནུས་ལྡན་སྤྱད་དེ་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོར་བྱེད་བཞིན་ཡོད་ཟེར།

རྒྱ་མཚོའི་ཁུག་རྟ་ཞེས་པའི་དྲག་རླུང་དེ་ཚེས8ཉིན་གྱི་ཞོགས་པར་ཧྥེ་ལེ་པེན་དབུས་ཕྱོགས་ཀྱི་སཱ་མཱ་ཞིང་ཆེན་ཤར་མ་ནས་སྐམ་སར་བུད་པ་དང་། དཀྱིལ་དབུས་ཀྱི་རླུང་ཤུགས་ཆེས་ཆེ་བའི་ཚད་དུས་ཚོད་རེར་སྤྱི་ལེ་སུམ་བརྒྱ་དང་བཅུ་བཞིར་བསླེབས་ཡོད། དབུས་ཕྱོགས་ཀྱི་ཞིང་ཆེན་མང་བོར་དྲག་རླུང་དང་དྲག་ཆར་གྱི་འཇིགས་པ་ཐེབས་ཏེ། ས་ཁུལ་མང་བོའི་གློག་ཤུགས་དང་འཕྲིན་གཏོང་ལ་གནོད་པ་ཐེབས་ཡོད། ཧྥེ་ལེ་པེན་རྒྱལ་ཁབ་གནོད་སེལ་ཨུ་ཡོན་ལྷན་ཁང་གི་རྒྱུ་ཆ་ལྟར་ན། མིག་སྔར་རྒྱ་མཚོའི་ཁུག་རྟ་ཞེས་པའི་དྲག་རླུང་ལས་ཉུང་མཐར་ཡང་མི་བརྒྱ་དང་སོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བཞི་ལ་རྨས་ཕོག མི་བཞི་གར་སོང་རྙེད་མེད། རྒྱལ་ཡོངས་ཀྱི་གནོད་ཐེབས་མི་གྲངས་མི་ས་ཡ་བཞི་དང་འབུམ་གཉིས་ཁྲི་བརྒྱད་ལྷག་ལ་བསླེབ་ཡོད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག