མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རི་ནེ་ཝའི་གྲོས་མོལ་ནས་འགོད་སྲིད་པའི་གྲོས་མཐུན་ལ་ངོ་རྒོལ་དྲག་པོ་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-09 16:16

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས8ཉིན་ཁ་ཚིག་དྲག་པོའི་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་དང་དབྱི་ལིང་གི་འཐུས་མིས་རི་ནེ་ཝ་རུ་སྤེལ་བཞིན་པའི་གྲོས་མོལ་ཁྲོད་འགོད་སྲིད་པའི་གྲོས་མཐུན་ལ་ངོ་རྒོལ་བྱས།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཁོས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་ཡང་བསྐྱར་གྲོས་མོལ་བྱས་ཏེ། གཙོ་བོ་ཁི་ལེ་ལ་རི་ནེ་ཝ་རུ་སྤེལ་བཞིན་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་དང་དབྱི་ལིང་གི་གྲོས་མོལ་ལ་སེམས་ཁུར་བྱེད་པའི་བསམ་ཚུལ་བསྟན་པ་ཡིན། ཁོས་བཤད་རྒྱུར། རི་ནེ་ཝ་རུ་གྲོས་བསྡུར་བྱེད་བཞིན་པའི་གྲོས་མཐུན་ནི་ཧ་ཅང་ལུགས་དང་མི་མཐུན་པ་ཞིག་ཡིན། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་སྒྲིག་ཆས་གང་རུང་གཏོར་དགོས་པའི་རེ་བ་མ་བཏོན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་ལིང་གི་བཀག་སྡོམ་ཇེ་ལྷོད་དུ་གཏོང་རྩིས་བྱེད་བཞིན་ཡོད། དེ་ནི་དབྱི་ལིང་གིས་ནམ་རྒྱུན་རེ་སྨོན་བྱེད་པའི་གྲོས་མཐུན་ཞིག་ཡིན་ཡང་། དེ་རྒྱལ་སྤྱིའི་ཞི་བདེ་ལ་མཚོན་ན་ཆེས་ཉེན་ཁ་ཆེ་བའི་གནད་དོན་ཚབས་ཆེན་ཞིག་རེད་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བསྟན་དོན། དབྱི་སི་རལ་གྱིས་གྲོས་མཐུན་དེ་གཏན་ནས་ཁས་ལེན་བྱེད་མི་སྲིད་ལ། གང་ནུས་ཀྱིས་རང་ཉིད་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། ཁོས་རི་ནེ་ཝ་རུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ལ་ཞུགས་པར་འགྲོ་བའི་ཁི་ལེ་ཡིས་དབྱི་ལིང་བར་མྱུར་བ་མྱུར་དུ་གྲོས་མཐུན་འགོད་མི་རུང་བའི་སྐུལ་མ་བཏང་།

ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། ཀྲུང་གོ། འཇར་མན་སོགས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་དང་དབྱི་ལིང་གི་གྲོས་མོལ་འཐུས་མི་ཚེས7ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝའི་དོན་གཅོད་ཁང་ཡོད་སའི་བན་གོ་ཕོ་བྲང་ནས་ལྷན་འཛོམས་བྱུང་སྟེ། དུས་ཡུན་ཉིན་གཉིས་ཀྱི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་སྐོར་ཐེངས་གསར་བའི་གྲོས་མོལ་མགོ་བརྩམས། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་ལས་དོན་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་གྱི་མགྲིན་ཚབ་པ་མེད་ཁི་ཨར་མན་གྱིས་ཉིན་དེར་བསྟན་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་དང་དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞིའི་ཐད་ནས་གཟབ་ནན་གྱིས་གྲོས་བསྡུར་བྱས་ཏེ་གྲུབ་འབྲས་ངེས་ཅན་བླངས་པ་དང་། སྐོར་ཐེངས་འདིའི་གྲོས་མོལ་མཇུག་སྒྲིལ་སྐབས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་གིས་དབྱི་ལིང་བར་གྲོས་མཐུན་འགོད་པར་རེ་བ་ཡོད་ཟེར། ཁི་ལེ་ཚེས་བརྒྱད་ཉིན་རི་ནེ་ཝ་རུ་སོང་ནས་གྲོས་མོལ་ལ་ཞུགས།

དབྱི་ལིང་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས7ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་གིས་དབྱི་ལིང་གི་གྲོས་གཞི་སྟེ། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་བྱ་འགུལ་རེ་འགའ་མཚམས་བཞག་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་ལིང་གི་དཔལ་འབྱོར་བཀག་སྡོམ་རེ་འགའ་མེད་པར་གཏོང་བའི་གྲོས་གཞི་དེ་དང་ལེན་བྱས་ཡོད་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས7ཉིན་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་གྲོས་མིའི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱེད་སྐབས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གལ་ཏེ་དབྱི་ལིང་གི་གྲོས་གཞི་དེ་དང་ལེན་བྱས་ན། དེ་ནི་ལོ་རྒྱུས་རང་བཞིན་གྱི་ནོར་འཁྲུལ་ཞིག་རེད་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག