མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་ཚོགས་གྲོན་མ་སྤྲད་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བརྡས་གཅོད་དབང་ཆ་ཤོར་བ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-09 16:16

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁས་ཚོགས་གྲོན་མ་སྤྲད་པའི་དབང་གིས་ཚེས8ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བརྡས་གཅོད་དབང་ཆ་ཤོར་བ་རེད།

ཨ་མེ་རི་ཁས2011ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཚོགས་གྲོན་མ་སྤྲད་པར་རྩ་འཛུགས་དེས་ཕཱ་ལེ་སི་ཐན་དང་ལེན་བྱས་པར་ངོ་རྒོལ་བྱས། དབྱི་སི་རལ་དང་ཨ་མེ་རི་ཁས་མཉམ་གཅིག་ཏུ་ཚོགས་གྲོན་སྤྲོད་མཚམས་བཞག་སྟབས། ཐེངས་འདིར་ཡང་ཨ་མེ་རི་ཁ་དང་མཉམ་དུ་བརྡས་གཅོད་དབང་ཆ་ཤོར་བ་རེད།

ཨ་མེ་རི་ཁས་ལོ་རེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ལ་སྤྲོད་དགོས་པའི་ཚོགས་གྲོན་གྱིས་རྩ་འཛུགས་དེའི་སྔོན་རྩིས་ཀྱི་བརྒྱ་ཆའི་ཉེར་གཉིས་ཟིན་ཡོད་པ་དང་། ཨ་མེ་རི་ཁས་ཚོགས་གྲོན་སྤྲོད་མཚམས་བཞག་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ལ་གྲོན་དངུལ་དཀོན་པའི་སྣང་ཚུལ་འབྱུང་བ་དང་། རྩ་འཛུགས་དེའི་གླ་མི་སུམ་བརྒྱ་ལྷག་ལས་ཤོར་གྱི་ཉེན་ཁར་འཕྲད་སྲིད་པར་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འབྲེལ་ཡོད་མི་སྣས་བསྟན་དོན། ཚེས8ཉིན་ནི་ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་ཚོགས་གྲོན་སྤྲོད་པའི་ཆེས་མཇུག་མཐའི་དུས་བཅད་ཡིན་པ་དང་། དུས་བཅད་དེ་བདའ་ཡང་ཨ་མེ་རི་ཁ་དང་དབྱི་སི་རལ་ལ་ཚོགས་གྲོན་སྤྲོད་པའི་རྣམ་འགྱུར་ཅི་ཡང་མེད་པས། བརྡས་གཅོད་དབང་ཆ་རང་འགུལ་གྱིས་ཤོར་བ་རེད་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་དོན་དེའི་ཐད་ནས་དངོས་གཞིའི་དཔྱད་བརྗོད་ཅི་ཡང་སྤེལ་མེད།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས8ཉིན་ཨ་མེ་རི་ཁའི་བརྡས་གཅོད་དབང་ཆ་ཤོར་བའི་གནས་ཚུལ་དེ་བདེན་དཔང་བྱས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་སུ་སྡོད་པའི་ཨ་མེ་རི་ཁའི་འཐུས་མི་ཅི་ལི་ཨང་གིས་བསྟན་དོན། ཨ་མེ་རི་ཁའི་དཔོན་རིགས་ཀྱིས་སྔར་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་དེ་མཉམ་ལས་ཀྱི་གྲོགས་པོ་གཙོ་བོར་རྩིས་ཡོད་པ་དང་། ཨ་མེ་རི་ཁས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་དང་མཉམ་དུ་མཉམ་ལས་ཐབས་ལམ་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། ཨ་མེ་རི་ཁའི་རྒྱལ་ནང་གི་མི་ལ་ལས་ཨ་མེ་རི་ཁའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བརྡས་གཅོད་དབང་ཆ་ཤོར་བ་ལས་ཨ་མེ་རི་ཁའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཇེ་ཞན་དུ་འགྲོ་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག