མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱིས་མགོ་གཙོའི་གྲོས་མོལ་ལ་ཡར་སྐུལ་བྱེད་པར་འཐད་པ་བྱུང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-08 11:22

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གཞོན་པའི་གྲོས་མོལ་ཚེས7ཉིན་ཧན་གོའི་རྒྱལ་ས་ཧྲིག་ཨར་ནས་བསྡུས། བསྒྲགས་པའི་གནས་ཚུལ་ལྟར་ན། གྲོས་མོལ་དེའི་དམིགས་ཡུལ་ནི་རྒྱལ་ཁབ་གསུམ་གྱིས་ཕྱིན་ཆད་ཇི་ལྟར་མཉམ་ལས་བྱེད་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཏེ། ཀྲུང་གོ་དང་ཧན་གོ། འཇར་པན་བཅས་བར་གྱི་ཕྱི་ཕྱོགས་འབྲེལ་བའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་ཆེད་དུ་ཡིན་པར་བཤད་ཀྱང་། གྲོས་མོལ་བྱས་རྗེས་ཧན་གོ་དང་འཇར་པན་གྱིས་བསྒྲགས་པའི་གནས་ཚུལ་ལ་གཞིགས་ན། ཧན་གོ་དང་འཇར་པན་གྱི་འབྲེལ་བ་དེ་དུས་ཡུན་ཐུང་ངུའི་ནང་ལེགས་བཅོས་བྱེད་དཀའ་བའི་སྣང་ཚུལ་མངོན་ཡོད།

ཀྲུང་གོའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལིག་ཀྲིན་མེན་དང་། ཧན་གོའི་ཕྱི་འབྲེལ་ཚོང་འགྲིམ་པུའུ་ཡི་པུའུ་ཀྲང་ལས་རོགས་པ་ལིས་ཅིན་ཞིག འཇར་པན་ཕྱི་དོན་གྲོས་ཞིབ་དཔོན་པོ་ཧྲན་ཧྲན་ཅིན་ཧྥུའུ་བཅས་ཉིན་དེའི་ཕྱི་འབྲེལ་བློན་ཆེན་གཞོན་པའི་གྲོས་མོལ་ལ་ཞུགས། འཇར་པན་དང་ཧན་གོས་སྔ་གཞུག་ཏུ་མགོ་ཁྲིད་བརྗེ་སྤོར་བྱས་རྗེས། འཇར་པན་གྱི་ཨན་པའེ་ཅིན་སན་སྲིད་གཞུང་གིས་མངའ་ཁོངས་དང་ལོ་རྒྱུས་ངོས་ཟིན་སོགས་ཀྱི་གནད་དོན་ཐད་ནས་བྱ་སྤྱོད་མི་ལེགས་པ་རེ་འགའ་བསྟན་པའི་དབང་གིས་འཇར་པན་དང་ཀྲུང་གོ། ཧན་གོ་བཅས་ཀྱི་འབྲེལ་བ་རྒྱུན་ལྡན་ངང་འཕེལ་རྒྱས་སུ་འགྲོ་བར་བཀག་རྒྱ་ཆེན་པོ་བཟོས། ཐེངས་སྔོན་མའི་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་གཞོན་པའི་གྲོས་མོལ་དེ་ན་ནིང་ཟླ་གསུམ་པར་པེ་ཅིན་ནས་སྤེལ་བ་དང་། ལོ་གཅིག་དང་ཟླ་བརྒྱད་འགོར་རྗེས་ཕྱོགས་གཉིས་ཀྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་མཉམ་ལས་ལ་བརྩོན་པའི་ཆེད་དུ་ཡང་བསྐྱར་ཕྱི་འབྲེལ་བློན་ཆེན་གཞོན་པའི་གྲོས་མོལ་སྤེལ་བ་རེད། ཐེངས་འདིའི་གྲོས་ཚོགས་ནི་འཇར་པན་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་མགོ་ཁྲིད་པ་བརྗེ་སྤོར་བྱས་རྗེས་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཕྱོགས་གསུམ་གྱིས་ཐོག་དང་པོར་བསྡུས་པའི་རིམ་པ་མཐོ་བའི་གྲོས་མོལ་ཞིག་ཀྱང་རེད།

ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གཞོན་པའི་གྲོས་མོལ་ནས་མ་འོངས་པར་ཁ་ཕྱོགས་ཏེ་མཉམ་ལས་བྱེད་པ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཏེ། རྒྱལ་གསུམ་གྱི་མགོ་གཙོའི་གྲོས་མོལ་ལ་ཡར་སྐུལ་བྱེད་པར་མུ་མཐུད་དུ་འབད་བརྩོན་བྱེད་པར་ཐུན་མོང་གི་ལྟ་ཚུལ་བྱུང་ཡོད་ཀྱང་། གྲོས་མོལ་བྱས་རྗེས་འཇར་པན་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཧན་གོ་དང་འཇར་པན་གྱི་འབྲེལ་བ་དེ་དུས་ཡུན་ཐུང་ངུའི་ནང་ལེགས་བཅོས་འབྱུང་དཀའ་བར་མངོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག