མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅོར་ཏན་གྱི་རྒྱལ་བོས་ཨ་མེ་རི་ཁས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་ལ་ཡར་སྐུལ་གཏོང་བར་བརྩོན་ལེན་བྱས་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-08 11:21

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་ཡིས་ཚེས7ཉིན་ཅོར་ཏན་གྱི་རྒྱལ་ས་ཨན་མན་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་མངོན་འགྱུར་བྱེད་པ་དང་། དེ་མིན་སི་རི་ཡཱའི་ཉམས་ཉེན་གྱི་གྲུབ་འབྲས་གསར་བ་སོགས་གནད་དོན་ཐད་ནས་གྲོས་མོལ་བྱས། ཨ་པུའུ་ཏུའུ་ལཱ་ཡིས་བསྟན་དོན། ཅོར་ཏན་གྱིས་ཨ་མེ་རི་ཁས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་ལ་ཡར་སྐུལ་གཏོང་བར་བརྩོན་ལེན་བྱས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

ཅོར་ཏན་ཕོ་བྲང་གིས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཨ་པུའུ་ཏུའུ་ལཱ་ཡིས་ཉིན་དེར་ཁི་ལེ་དང་གྲོས་མོལ་བྱེད་སྐབས་བསྟན་དོན། ཅོར་ཏན་གྱིས་ཨ་མེ་རི་ཁས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་ལ་བརྩོན་ལེན་བྱས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་དེ་རྒྱལ་ཁབ་ཀྱི་ཐག་གཅོད་ཁྱབ་ཁོངས་ནང་། ཨ་རབ་ཞི་བདེའི་འདོད་བློར་གཞིགས་ཤིང་། གཅིག་སྟོང་དགུ་བརྒྱ་རེ་བདུན་ལོར་གཏན་འཁེལ་བྱས་པའི་རྒྱལ་མཚམས་ལྟར། ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་ཏེ་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་དགོས་ཟེར།

ཁོས་བཤད་རྒྱུར། ཅོར་ཏན་གྱིས་མུ་མཐུད་དུ་འབྲེལ་ཡོད་ཕྱོགས་སོ་སོའི་བར་མཐུན་སྦྱོར་བྱས་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གྲོས་མོལ་ལ་ཡར་སྐུལ་བྱས་ནས། མཇུག་མཐའི་གོ་གནས་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པར་བརྩོན་རྒྱུ་ཡིན། རྒྱུ་མཚན་ནི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་དེ་ཅོར་ཏན་གྱི་ཁེ་ཕན་ལ་དམ་དུ་འབྲེལ་ཡོད་པས་ཡིན་ཟེར། ཁོས་ད་རུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནུས་པ་སྔར་ལས་ཆེན་པོ་བཏོན་ནས་དབྱི་སི་རལ་གྱིས་བཙན་བཟུང་བྱས་པའི་མངའ་ཁོངས་ནས་སྤྱད་པའི་ཕྱོགས་གཅིག་གི་འགུལ་སྐྱོད་ལ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཁི་ལི་ཡིས་ཅོར་ཏན་རྒྱལ་བོས་ས་ཁུལ་དེའི་ཞི་བདེ་མངོན་འགྱུར་བྱེད་པ་དང་ས་ཁུལ་གྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་འབད་འབུངས་བྱས་པར་གཟེངས་བསྟོད་བྱས་པར་མ་ཟད། ཅོར་ཏན་གྱིས་སི་རི་ཡཱའི་མི་དམངས་ཀྱི་དཀའ་སྡུག་སེལ་བར་བརྩོན་པ་ཧུར་ལེན་བྱས་པར་བསྟོད་བསྔགས་བྱས། ཁོས་བསྟན་དོན། ཨ་མེ་རི་ཁས་མུ་མཐུད་དུ་ཅོར་ཏན་གྱིས་སི་རི་ཡཱའི་ཡུལ་གྱར་བཀོད་སྒྲིག་བྱས་པའི་གནད་དོན་ཐད་རོགས་རམ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནུས་པ་སྔར་ལས་ཆེན་པོ་འདོན་དུ་བཅུག་ནས། སི་རི་ཡཱའི་ཡུལ་གྱར་བ་བཀོད་སྒྲིག་བྱེད་པར་འོས་འགན་ཁུར་དུ་ལེན་པར་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར།

ཁི་ལེ་ཚེས་བདུན་ཉིན་གྱི་སྔ་དྲོར་ཨན་མན་དུ་འབྱོར་ནས་ཅོར་ཏན་རྒྱལ་ཁབ་ལ་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། ཅོར་ཏན་ནི་ཁི་ལེའི་ཐེངས་འདིའི་དབུས་ཤར་འགྲུལ་བཞུད་ཀྱི་ས་ཚིགས་དང་པོ་རེད། དེ་ནི་ཁོས་རྒྱལ་སྲིད་བློན་ཆེན་གྱི་འགན་ཁུར་རྗེས་ཀྱི་ཟླ་ངོ་དགུའི་རིང་ཐེངས་བདུན་པར་དབུས་ཤར་ས་ཁུལ་དུ་འཚམས་འདྲི་བྱས་པ་ཡིན་ལ། དམིགས་ཡུལ་ནི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་ལ་ཡང་བསྐྱར་ཕྱི་འབྲེལ་ཐད་ནས་ཡར་སྐུལ་བྱེད་པའི་ཆེད་དུ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག