མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཚོ་ཁུགས་རྒྱལ་ཁབ་ཀྱི་མཚོ་དམག་དམག་སྤྱིའི་གྲོས་ཚོགས་སྐབས་གཉིས་པ་ཨ་པུའུ་ཀྲ་པུས་ནས་ཚོགས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-07 10:26

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་སྲུང་སློབ་གླིང་གི་མགོ་བ་སཱ་ཨ་ཏིས་ཀྱིས་ཚེས6ཉིན་མཚོ་ཁུགས་རྒྱལ་ཁབ་དག་གིས་མཚོ་དམག་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་ས་ཁུལ་གྱི་རྒྱ་མཚོའི་བདེ་འཇགས་འཇིགས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

མཚོ་ཁུགས་དམག་དོན་དབྱེ་ཞིབ་དང་ཞིབ་འཇུག་ཁང་གིས་རྩ་འཛུགས་དང་གཙོ་སྒྲུབ་བྱས་པའི་མཚོ་ཁུགས་རྒྱལ་ཁབ་ཀྱི་མཚོ་དམག་དམག་སྤྱིའི་གྲོས་ཚོགས་སྐབས་གཉིས་པ་ཚེས6ཉིན་ཨ་པུའུ་ཀྲ་པུས་ཀྱི་དམག་དཔོན་སྤྲོ་སྐྱིད་ཁང་ནས་སྤེལ་བ་དང་། ཨ་མེ་རི་ཁ་དང་ཞི་ལཱ། ཧྥ་རན་སི། ཕཱ་ཁི་སི་ཐན། དབྱིན་ཇི། པཱ་ལིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ཀྱི་མཚོ་དམག་གི་དམག་སྤྱི་དང་། ཇུས་འདོན་པ། མཚོ་དམག་གི་མཐོ་རིམ་དམག་དཔོན་བཅས་གྲོས་ཚོགས་ལ་ཞུགས། སཱ་ཨ་ཏིས་ཀྱིས་མགོ་རྩོམ་པའི་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། མཚོ་ཁུགས་ཆུ་ཁོངས་སུ་ཆུ་འོག་འགད་རྫས་བཀོད་སྒྲིག་བྱེད་པ་དང་། ཆུ་འཛུལ་གྲུ་གཟིངས་ཆུང་བ་སོགས་སྒྲིག་ཆས་བཀོལ་ན་ས་ཁུལ་དེའི་རྒྱ་མཚོའི་བདེ་འཇགས་ལ་འཇིགས་ཉེན་བཟོ་སྲིད་པས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་མཚོ་ཁུགས་རྒྱལ་ཁབ་དག་གིས་མཚོ་དམག་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཤིང་། འགོག་སྲུང་ནུས་པ་ཇེ་མཐོར་བཏང་སྟེ་མཉམ་དུ་འགྲན་རྩོད་ཐག་གཅོད་བྱེད་དགོས་ཟེར།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མཚོ་དམག་གི་དམག་སྤྱི་མུའུ་ཧྲི་ལཱ་ཧི་ཡིས་གཏམ་བཤད་སྤེལ་སྐབས་བསྟན་དོན། འཛམ་གླིང་ཡོངས་ཀྱི་བརྒྱ་ཆའི་ཉི་ཤུའི་རྡོ་སྣུམ་ཕྱིར་གཏོང་བྱེད་པར་ཧོར་མུའུ་ཚི་མཚོ་འགག་བརྒྱུད་དགོས་པ་དང་། གནས་དེ་ནས་བཀག་རྒྱ་གང་རུང་བྱུང་ན་ཐད་ཀར་དུ་མཚོ་ཁུགས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་། ས་ཁུལ་རང་གི་ཞི་བདེ་དང་བརྟན་འཇགས་ལ་གནོད་པ་ཐེབས་སྲིད་ལ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་དུས་ངེས་མེད་དུ་འཇིགས་སྐུལ་གང་རུང་ཐག་གཅོད་བྱེད་པར་གྲ་སྒྲིག་བྱས་ཏེ། གཡུལ་འཐབ་ལ་ཆས་པའི་རྣམ་པ་བཟང་བོ་སྲུང་འཛིན་བྱེད་དགོས་ཟེར།

ཨ་མེ་རི་ཁའི་མཚོ་དམག་གི་ཀྲུང་དབྱང་དམག་སྤྱི་ཁང་གི་དམག་སྤྱི་གཞོན་པ་ལོ་པུས་ལིན་གྱིས་པཱ་ལིན་དུ་བཅའ་སྡོད་བྱེད་པའི་ཨ་མེ་རི་ཁའི་མཚོ་དམག་གི་གྲུ་གཟིངས་རུ་ཁག་ལྔ་བ་དང་། མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་ལས་བྱས་ཏེ། མཚོ་ཐོག་གི་འཇིགས་ཉེན་མཉམ་དུ་ཐག་གཅོད་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག