མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དཀར་པོས་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཐོག་མ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-07 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས6ཉིན་ནས་བཟུང་ཨུ་རུ་སི་དཀར་པོའི་ཨོ་སི་ཐི་ལོ་ཝེ་ཚི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་རྨང་འདིང་མགོ་བརྩམས་པ་དང་། དེ་ལས་ཨུ་རུ་སི་དཀར་པོའི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཐོག་མའི་བཟོ་སྐྲུན་དངོས་སུ་མགོ་བརྩམས་པ་མཚོན་ཡོད།

ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དེའི་སྤྱིའི་ཤོང་ཚད་ནི་ཀྲའོ་ཝ་སྟོང་གཉིས་དང་བཞི་བརྒྱ་ཡིན་པ་དང་། གློག་འདོན་འཕྲུལ་ཆས་ཀྱི་སྒྲིག་སྦྱོར་མ་ལག་གཉིས་ཀྱི་ཤོང་ཚད་ནི་སོ་སོར་ཀྲའོ་ཝ་སྟོང་གཅིག་དང་ཉིས་བརྒྱ་རེ་རེད། ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དེའི་སྤྱིའི་ཇུས་འགོད་པ་དང་འགན་ལེན་མཁན་ནི་ཨུ་རུ་སིའི་ཞཱ་ནོའུ་ཧྥུའུ་ཀི་ལོ་ཏི་ཉིང་རྡུལ་ནུས་པའི་ལས་གཞིའི་བཟོ་སྐྲུན་ཀུང་ཟི་དང་ཨུ་རུ་སིའི་ཉིང་རྡུལ་ནུས་པའི་འཛུགས་སྐྲུན་ཕྱིར་གཏོང་ཀུང་ཟིས་མཉམ་དུ་རྩ་འཛུགས་བྱས་པའི་མཉམ་འབྲེལ་ཀུང་ཟི་ཡིན་པ་དང་། གན་རྒྱའི་གཏན་འཁེལ་ལྟར་ན། གློག་འདོན་འཕྲུལ་ཆས་ཀྱི་སྒྲིག་སྦྱོར་མ་ལག་དང་པོ་དེ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཅིག་པར་བཀོལ་སྤྱོད་བྱེད་རྒྱུ་ཡིན་པ་དང་། གློག་འདོན་འཕྲུལ་ཆས་ཀྱི་སྒྲིག་སྦྱོར་མ་ལག་གཉིས་པ་དེ་ཉིས་སྟོང་ཉི་ཤུ་ལོའི་ཟླ་བདུན་པར་བཀོལ་སྤྱོད་བྱེད་རྒྱུ་རེད།

ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱེད་པའི་སྤྱིའི་གན་རྒྱ་ནི་ཨུ་རུ་སི་དཀར་པོ་དང་ཨུ་རུ་སི་ཡིས་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བདུན་པར་བཀོད་པ་ཡིན་ཞིང་། བརྒྱ་ཆའི་དགུ་བཅུའི་འཛུགས་སྐྲུན་མ་དངུལ་དེ་ཨུ་རུ་སིས་འདོན་སྤྲོད་བྱས་པའི་རྒྱལ་ཁབ་ཀྱི་ཕྱིར་གཏོང་དངུལ་བུན་ཡིན་པ་རེད། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་བཀོད་པའི་གྲོས་མཐུན་ལྟར་ན། ཨུ་རུ་སིའི་ཕྱོགས་ཀྱིས་དུས་ཡུན་ལོ་ངོ་ཉེར་ལྔའི་རིང་གི་མེ་སྒོར་ཐེར་ཆེན་གཅིག་གི་དངུལ་བུན་འདོན་སྤྲོད་བྱས་པ་རེད།

ཨོ་སི་ཐི་ལོ་ཝེ་ཚི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དེ་ཨུ་རུ་སི་དཀར་པོའི་ནུབ་ཕྱོགས་ཀྱི་ཀི་ལོ་ཏི་ནོའུ་ཀྲིག་ཏུ་ཡོད་པ་དང་། ལི་ཐའོ་ཝན་གྱི་རྒྱལ་ས་ཝེར་ཉིག་སི་དང་བར་ཐག་སྤྱི་ལེ་ལྔ་བཅུ་ལས་མེད། དེ་བས་ལི་ཐའོ་ཝན་དཔོན་ཕྱོགས་ཀྱིས་ནམ་རྒྱུན་བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོབ་རྒྱུ་མཚན་དུ་བྱས་ཏེ། ཨུ་རུ་སི་དཀར་པོས་གནས་དེར་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད་ལ། ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ལས་མགོ་བརྩམས་པ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཤུགས་རྐྱེན་ངེས་ཅན་ཐེབས་ངེས་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག