མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཕོ་ལན་དུ་འཚམས་འདྲི་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-06 11:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཚེས5ཉིན་ཕོ་ལན་དུ་འཚམས་འདྲི་བྱས་པ་དང་། སོ་སོར་ཕོ་ལན་གྱི་ཙུང་ལི་ཐུའུ་སི་ཁི་དང་། ཕྱི་འབྲེལ་བལོན་ཆེན་ཞི་ཁིར་སི་ཅི་གཉིས་དང་གྲོས་མོལ་བྱས་པར་མ་ཟད། ཕོ་ལན་གྱི་རྒྱལ་སྲུང་བློན་ཆེན་ཞེ་མའོ་ནེ་ཡཱ་ཁི་ཡི་འགྲོ་རོགས་འོག་ཕོ་ལན་ལོ་ཚི་ཞིང་ཆེན་གྱི་ཝ་སི་ཁི་ཡི་མཁའ་དམག་རྟེན་གཞི་སོ་གཉིས་པར་ལྟ་སྐོར་བྱས།

བསྒྲགས་པའི་གནས་ཚུལ་ལྟར་ན། ཐུའུ་སི་ཁི་ཡིས་ཁི་ལེ་དང་གྲོས་མོལ་བྱེད་སྐབས་ཕོ་ལན་དང་བྱང་ཆིངས་རྩ་འཛུགས་བར་གྱི་མཉམ་ལས་དང་། ཡོ་རོབ་གླིང་དང་ཨ་མེ་རི་ཁའི་ཉོ་ཚོང་གྲོས་མོལ། ནམ་ཟླའི་སྲིད་ཇུས། ཤར་ཕྱོགས་གྲོགས་པོའི་མཐོ་རིམ་གྲོས་ཚོགས། དེ་མིན་དྲ་རྒྱའི་སྒེར་གྱི་གསང་བའི་སྲུང་སྐྱོབ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཕྱོགས་གཉིས་ཀྱིས་ཕོ་ལན་དང་ཨ་མེ་རི་ཁའི་མིག་སྔའི་མཉམ་ལས་རྣམ་པར་གདེང་འཇོག་ཆེན་པོ་བྱས་པ་དང་། མ་འོངས་པའི་མཉམ་ལས་ཁ་ཕྱོགས་དེ་ནུས་ཁུངས་བདེ་འཇགས་དང་ཚན་རྩལ་གསར་བའི་འཕེལ་རྒྱས་ལ་འབྲེལ་ཡོད་པའི་ཚུལ་བསྟན།

ཞི་ཁིར་སི་ཅི་དང་ཁི་ལེ་ཡིས་ཕོ་ལན་དང་ཨ་མེ་རི་ཁའི་འབྲེལ་བ་དང་ཐུན་མོང་བདེ་འཇགས་ལས་གཞི། དཔལ་འབྱོར་དང་ཚན་རྩལ་མཐོན་པོའི་མཉམ་ལས་སོགས་ཀྱི་ཐད་ནས་གྲོས་མོལ་བྱས། ཞི་ཁིར་སི་ཅི་ཡིས་བསྟན་དོན། ཁི་ལེ་ཡི་ཐེངས་འདིའི་འཚམས་འདྲི་ལས་ཕོ་ལན་དང་ཨ་མེ་རི་ཁའི་འཐབ་ཇུས་མཉམ་ལས་འབྲེལ་བ་བཟང་བོ་གཏན་འཁེལ་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དམག་དོན་མཉམ་ལས་ཟབ་མོ་བྱེད་པར་ནུས་པ་འདོན་ཐུབ་ཟེར། ཁི་ལེ་ཡིས་བཤད་རྒྱུར། ཕོ་ལན་གྱི་ཉེ་བའི་ལོ་འགའི་རིང་གི་འཕེལ་རྒྱས་དེ་ཡོ་རོབ་གླིང་གི་དཔལ་འབྱོར་དང་། བདེ་འཇགས་རྒྱལ་ཁབ་ཆེན་པོའི་ཁྱད་མཚར་ཞིག་ཏུ་བརྗོད་ཆོག་ཆོག་ཡིན། ཨ་མེ་རི་ཁ་དང་ཕོ་ལན་རྒྱལ་ཁབ་གཉིས་ཀྱིས་དུས་ཡུན་རིང་བོར་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱས་པ་དང་། ཨ་མེ་རི་ཁ་དང་ཕོ་ལན་གྱི་མནའ་མཐུན་འབྲེལ་བ་བཟང་ཞིང་ཨ་མེ་རི་ཁས་མུ་མཐུད་དུ་ཨ་མེ་རི་ཁ་དང་ཕོ་ལན་མནའ་མཐུན་གྱི་དངུལ་གཏོང་རྒྱ་བསྐྱེད་རྩིས་ཡོད་ཟེར།

ཁི་ལེ་ཡིས་ཉིན་དེར་ད་རུང་ཝ་སི་ཁིའི་མཁའ་དམག་རྟེན་གཞི་སོ་གཉིས་པར་ལྟ་སྐོར་བྱས་པ་དང་། ཁི་ལེ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་འཆར་གཞི་ལྟར་ཕོ་ལན་ནས་འཕུར་མདའི་འགོག་སྲུང་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུ་ཡིན་ལ། ཚོད་དཔག་བྱས་ན2018ལོར་ཕོ་ལན་ནས་འཛུགས་སྐྲུན་འཆར་གཞི་ཡོངས་འགྲུབ་བྱེད་ཐུབ་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག