མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་ཁི་སོ་བོ་ཡིས་ས་གནས་སྲིད་གཞུང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བར་དགའ་བསུ་ཞུས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-06 11:37

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས5ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། སེར་ཝེ་ཡཱའི་ཁི་སོ་བོ་རང་སྐྱོང་ཞིང་ཆེན་གྱིས་ཚེས3ཉིན་ས་གནས་སྲིད་གཞུང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བར་དགའ་བསུ་ཞུས་པ་དང་། འདེམ་བསྐོའི་སྐབས་བྱུང་བའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཁི་སོ་བོ་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་དང་། ས་གནས་རང་དང་རྒྱལ་སྤྱིའི་ལྟ་ཞིབ་པ། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁི་སོ་བོ་ཆེད་མངག་འཐུས་ཚབ་ཚོགས་པ་བཅས་ཀྱི་མཉམ་དུ་འབད་བརྩོན་བྱས་འོག ཁི་སོ་བོ་ཡིས་ཚེས3ཉིན་ས་གནས་སྲིད་གཞུང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། ཐོག་མའི་མཇུག་འབྲས་ཀྱི་བསྡོམས་རྩིས་བྱ་བ་ཡོངས་འགྲུབ་བྱས་ཡོད་པས། ཕན་ཅི་བུན་གྱིས་དེར་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཁི་སོ་བོ་ས་གནས་སྲིད་གཞུང་གི་འདེམ་བསྐོའི་བྱ་འགུལ་དེ་པེར་ཀི་ལེ་ཏི་དང་ཕུའུ་ལི་ཧྲི་ཏིས་ནཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་འཛིན་འོག་བཀོད་པའི་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་གྲོས་མཐུན་གྱི་ནང་དོན་གཙོ་བོ་ཞིག་ཡིན་པ་དང་། སེར་ཝེ་ཡཱའི་རིགས་དང་བཅས་པའི་ཁི་སོ་བོ་ཡི་སྡོད་དམངས་འདེམ་བསྐོའི་བྱ་འགུལ་ནང་ཧུར་ཐག་གིས་ཞུགས་པར་ཕན་ཅི་བུན་གྱིས་དགའ་བསུ་བྱེད་བཞིན་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། འདེམ་བསྐོའི་སྐབས་སུ་འདེམ་ཤོག་འཕེན་སར་འཇབ་རྒོལ་བྱས་ཏེ། དྲག་ཤུགས་ལ་བརྟེན་ནས་འདེམ་བསྐོའི་དཔོན་རིགས་དང་འདེམ་དམངས་ལ་འཇིགས་ཉེན་བཟོས་པར་མ་ཟད་འདེམ་བསྐོའི་སྒྲིག་ཆས་ལ་གཏོར་བརླག་བྱས་པར་ཕན་ཅི་བུན་གྱིས་རྒོལ་གཏམ་དྲག་པོ་བཏང་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་བུན་གྱིས་འདེམ་བསྐོའི་བྱ་འགུལ་དང་མང་ཚོགས་ཀྱི་གཞི་རྩའི་ཁེ་དབང་ལ་གཏོར་བརླག་བྱེད་འདོད་ཡོད་པའི་བྱ་སྤྱོད་གང་རུང་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། མྱུར་དུ་རིགས་དེ་མཚུངས་ཀྱི་འཇབ་རྒོལ་དོན་རྐྱེན་ལ་རྟོག་ཞིབ་བྱེད་དགོས་པའི་རེ་བ་བཏོན། ཞོར་དུ་ད་རུང་འབྲེལ་ཡོད་ཕྱོགས་ཀྱིས་འདེམ་བསྐོའི་བྱ་འགུལ་དེ་དྲག་ཤུགས་དང་འཇིགས་ཉེན་མེད་པའི་ཁོར་ཡུག་ཁྲོད་ཞི་བའི་ཐབས་ཀྱིས་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག