མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཐུའུ་ཁུའུ་མན་སི་ཐན་ལ་འཚམས་འདྲི་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-06 11:37

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་པེར་ཏི་མུའུ་ཧཱ་མེ་ཏོ་ཧྥུའུ་ཡིས་ཚེས5ཉིན་འཚམས་འདྲིར་ཡོང་བའི་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་དང་གྲོས་མོལ་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་མཉམ་འབྲེལ་གསལ་སྒྲོག་བཀོད།

ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཕྱོགས་གཉིས་ཀྱིས་གནད་འགག་གི་རྒྱལ་སྤྱིའི་ཆབ་སྲིད་གནད་དོན་ཐད་ནས་འདྲ་མཚུངས་ཀྱི་ལངས་ཕྱོགས་བཟུང་ཡོད་པ་དང་། རྒྱལ་སྤྱིའི་གར་སྟེགས་སྟེང་མུ་མཐུད་དུ་གཉིས་ཕན་མཉམ་ལས་བྱེད་རྩིས་ཡོད་ལ། ངེས་པར་དུ་ས་ཁུལ་གྱི་བདེ་འཇགས་དང་བརྟན་འཇགས་ལ་ཁག་ཐེག་བྱས་པའི་རྨང་གཞིའི་སྟེང་ཕྱོགས་གཉིས་དང་ཕྱོགས་མང་བོའི་རོགས་ལས་རྒྱ་བསྐྱེད་དགོས། རྒྱལ་ཁབ་གཉིས་ཀྱིས་ད་རུང་འཇིགས་སྐུལ་རིང་ལུགས་དང་ཐལ་སྤྱོད་རིང་ལུགས། དུག་རྫས་ལྐོག་འཚོང་། ཁྲིམས་འགལ་གནས་སྤོར་སྡོད་དམངས། རྒྱལ་ཁོངས་བརྒལ་བའི་ནག་ཉེས་ཚོགས་ཁག མཚོན་ཆ་ལྐོག་འཚོང་བྱེད་པ་བཅས་ལ་ཆམ་ཕབ་གཏོང་བའི་ཐད་ནས་མཉམ་ལས་ལ་ཤུགས་སྣོན་བྱེད་རྩིས་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ནན་གྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་ཆེས་མཐོའི་རིམ་པའི་གྲོས་མོལ་ལ་ཤུགས་སྣོན་བྱས་ཏེ། དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། དངུལ་ལོར། སྐྱེལ་འདྲེན། ཚན་རྩལ། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་དུ་འབད་བརྩོན་བྱས་ནས་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་ཇེ་མང་དུ་གཏོང་བ་དང་། དུས་ཡུན་རིང་བོའི་དཔལ་འབྱོར་མཉམ་ལས་ཀྱི་འཕེལ་སྟངས་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་དངུལ་གཏོང་ཁྱབ་ཁོངས་ཀྱི་རོགས་ལ་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ལུའུ་ཁཱ་ཧྲིན་ཁི་ཚེས་བཞི་ཉིན་ཨ་ཧྲི་ཧཱ་པཱ་ཀི་རུ་འབྱོར་ཏེ་ཐུའུ་ཁུའུ་མན་སི་ཐན་ལ་དུས་ཡུན་ཉིན་གཉིས་ཀྱི་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས་པ་ཡིན་ལ། པེར་ཏི་མུའུ་ཧཱ་མེ་ཏོ་ཧྥུའུ་ཡིས་ན་ནིང་ཟླ4བར་ཨུ་རུ་སི་དཀར་པོར་འཚམས་འདྲི་བྱས་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག