མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཧྥུའུ་ཡིས་ཐཱ་ལེ་པན་བར་གྲོས་མོལ་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-05 15:26

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཧྥུའུ་ཡིས་ཚེས4ཉིན་བསྟན་དོན། ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་གྱི་མགོ་གཙོ་མཱ་ཧཱ་སུའུ་ཏི་ཉེ་སྔོན་ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུའི་བར་སྣང་འཇབ་རྒོལ་ཁྲོད་བསད་ཀྱང་། སྲིད་གཞུང་གིས་ཐཱ་ལེ་པན་བར་གྲོས་མོལ་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར།

ཕཱ་ཁི་སི་ཐན་སྲིད་གཞུང་གིས་ཉིན་དེར་ནེ་ཀིའི་གྲོས་ཚོགས་བསྡུས་ཏེ། མཱ་ཧཱ་སུའུ་ཏི་བསད་པ་ལས་རྒྱལ་ནང་གི་གནས་བབ་ལ་ཐེབས་པའི་ཤུགས་རྐྱེན་ལ་གྲོས་བསྡུར་བྱས། གྲོས་ཚོགས་གྲོལ་རྗེས་སྤེལ་བའི་གསལ་སྒྲོག་ལྟར་ན། ཞེ་ལི་ཧྥུའུ་ཡིས་ཚོགས་ཐོག་ནས་ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་གྱིས་སྲིད་གཞུང་གིས་ཞི་བའི་གྲོས་མོལ་བྱེད་པར་འབད་བརྩོན་བྱེད་པ་དང་། ཕཱ་ཁི་སི་ཐན་གྱི་ཞི་བདེ་མངོན་འགྱུར་བྱེད་པར་གཏོར་བརླག་ཚབས་ཆེན་བཏང་བར་སྐྱོན་འཛུགས་བྱས་པར་མ་ཟད། ཞི་བའི་གྲོས་མོལ་འཕེལ་རིམ་དེ་སླར་གསོ་འབྱུང་བར་ཡིད་ཆེས་ཀྱིས་ཁེངས་ཡོད་པའི་བསམ་ཚུལ་བསྟན། ཞེ་ལི་ཧྥུའུ་ཡིས་བསྟན་དོན། ཡིད་འཕང་བ་ཞིག་ནི་ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་དེས་ཕཱ་ཁི་སི་ཐན་གྱི་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པ་དང་འཇིགས་སྐུལ་རིང་ལུགས་རྩ་མེད་དུ་གཏོང་བའི་འདོད་བློར་རྒྱུས་ལོན་མེད་པར་མུ་མཐུད་དུ་གཏོར་བརླག་བཏང་བ་དེ་ཡིན། ཕཱ་ཁི་སི་ཐན་གྱིས་འཇིགས་སྐུལ་རིང་ལུགས་ཀྱི་ཐད་གཞན་ལས་ལྡབ་འགྱུར་གྱིས་བརྩོན་པ་མི་བསྐྱེད་ཐབས་མེད་ཡིན་ཡང་། བདག་དབང་རྒྱལ་ཁབ་ཀྱིས་རང་ཉིད་ཀྱི་ཐབས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་དུ་འཇུག་དགོས་ཟེར།

ཕཱ་ཁི་སི་ཐན་གྱི་ནང་སྲིད་བློན་ཆེན་ཨ་ལི་ཧན་གྱིས་བསྟན་དོན། ཕཱ་ཁི་སི་ཐན་སྲིད་གཞུང་གི་ཁོངས་མི་གསུམ་གྱིས་གྲུབ་པའི་གྲོས་མོལ་ཚན་ཆུང་ཚེས་གཉིས་ཉིན་ཝ་ཅི་ལི་སི་ཐན་གྱི་ཚོ་ཁག་ས་ཁུལ་དུ་སོང་ནས་ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་གྱི་འཐུས་ཚབ་ཚོགས་པར་ཚོད་སྒམ་རང་བཞིན་གྱི་གྲོས་མོལ་བྱེད་རྩིས་ཡོད་ཀྱང་། ཨ་མེ་རི་ཁའི་དམག་དཔུང་གི་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་དབང་གིས་སྲིད་གཞུང་གིས་འཆར་གཞི་དེ་རྩིས་མེད་དུ་བཏང་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག