མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕེའོ་ཅིན་ཧོས་ཀྱིས་ཕྱེད་གླིང་གི་ཞི་བདེ་ལ་ཕན་ན་ཅིན་ཀྲིན་ཨིན་དང་གྲོས་མོལ་བྱེད་འདོད་ཡོད་པར་བཤད་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-04 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་ཉེ་སྔོན་ཧྥ་རན་སིའི་ཧྥེ་ཅཱ་ལོ་ཚགས་པར་གྱི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། གལ་ཏེ་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་དང་གྲོས་མོལ་བྱས་ན་ཧན་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་ལེགས་བཅོས་བྱེད་པ་དང་། ཕྱེད་གླིང་གི་ཞི་བདེ་ལ་ཡར་སྐུལ་གཏོང་བར་དགོས་གལ་ཆེ་ན། ཁོ་མོས་ཅིན་ཀྲིན་ཨིན་དང་གྲོས་མོལ་བྱེད་འདོད་ཡོད་ཟེར།

ཕེའོ་ཅིན་ཧོས་ཀྱིས་བསྟན་དོན། ཆེས་གལ་ཆེ་བ་ནི་ཕྱོགས་གཉིས་ཀྱི་གྲོས་མོལ་ལྷག་བསམ་རྣམ་དག་ཡིན་དགོས་ཤིང་། ཧན་གོའི་ལངས་ཕྱོགས་ནི་གྲོས་མོལ་དེ་རིགས་ལ་གྲུབ་འབྲས་ཅི་ཡང་མེད་པའམ་ཡང་ན་གནས་སྐབས་སུ་ཀྱི་གྲུབ་འབྲས་ཙམ་བླངས་ཏེ་མཇུག་བསྡུ་མི་རུང་བར་འདོད་ཡོད་ཟེར།

ཕེའོ་ཅིན་ཧོས་ཀྱིས་བསྟན་དོན། ཁོ་མོས་ཁྲའོ་ཞན་དང་ཧན་གོའི་བར་ཡིད་ཆེས་ཀྱི་འབྲེལ་བ་འཛུགས་པར་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར། ཁོ་མོས་ཧན་གོས་ཉིང་རྡུལ་མཚོན་ཆ་ཡོད་པའི་ཁྲའོ་ཞན་ལ་བཟོད་སྒོམ་གཏན་ནས་བྱེད་མི་སྲིད་པ་བསྐྱར་སྒྲོག་བྱས་པ་དང་། ཁའེ་ཁྲིན་བཟོ་ལས་ར་བ་དེ་ཧན་གོ་དང་ཁྲའོ་ཞན་གྱི་དཔལ་འབྱོར་མཉམ་ལས་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་ལ། ཧན་གོ་དང་ཁྲའོ་ཞན་གྱིས་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞིར་འགྱུར་ཆོག་པར་འདོད་ཡོད་ཟེར།

ཧན་གོའི་ཙུང་ཐུང་བཞུགས་ཤག་གིས་ཚེས3ཉིན་བཤད་རྒྱུར། ཕེའོ་ཅིན་ཧོས་ཀྱིས་ཁྲའོ་ཞན་གྱི་མགོ་ཁྲིད་པའི་བར་གྲོས་མོལ་བྱེད་འདོད་ཡོད་པའི་རྣམ་འགྱུར་ལ་འགྲེལ་བཤད་མང་བོ་བྱེད་མི་རུང་ཟེར། ཙུང་ཐུང་བཞུགས་ཤག་གི་གསར་འགྱུར་དབུ་བཞུགས་དྲུང་ཡིག་ཆེན་མོ་ལིས་ཀྲིན་ཞོན་གྱིས་བཤད་རྒྱུར། ཕེའོ་ཅིན་ཧོས་ཀྱི་གཏམ་བཤད་དེ་ནི་རྩ་དོན་རང་བཞིན་ལྡན་པའི་རྣམ་འགྱུར་ཞིག་ཡིན་ཟེར།

ད་ལོའི་ཟླ5བར། ཕེའོ་ཅིན་ཧོས་ཀྱིས་ཨ་མེ་རི་ཁའི་ཝ་ཧྲིན་ཏོན་སྦྲགས་སྲིད་ཚགས་པར་གྱི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཁྲའོ་ཞན་གྱི་མགོ་ཁྲིད་པ་དང་གྲོས་མོལ་བྱེད་འདོད་མེད་པའི་རྣམ་འགྱུར་བསྟན་ཡང་། ཐེངས་འདིར་ཕེའོ་ཅིན་ཧོས་ཀྱིས་ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོའི་གྲོས་མོལ་བསྡུ་བའི་བའི་རྣམ་འགྱུར་བསྟན་པར་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག