མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོ་དང་ཨུ་རུ་སིའི་མཐོ་རིམ་གྲོས་ཚོགས་ནས་ཁྲའོ་ཞན་ལ་འབྲེལ་བའི་གསལ་སྒྲོག་སྤེལ་རྒྱུ་ཡིན་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།    2013-11-04 11:13

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཧན་གོའི་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས3གསུམ་ཉིན་བཤད་རྒྱུར། ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་གཟའ་འཁོར་རྗེས་མར་གྲོས་མོལ་བྱས་རྗེས་མཉམ་འབྲེལ་གསལ་སྒྲོག་སྤེལ་རྒྱུ་ཡིན་པ་དང་། གཙོ་བོ་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་དང་ཨུ་རུ་སི་དང་ཧན་གོའི་དཔལ་འབྱོར་མཉམ་ལས་སོགས་ལ་འབྲེལ་ཡོད་ཟེར།

ཧན་གོའི་འཕྲིན་གཏོང་ཁང་གི་མིང་བཤད་མི་འདོད་པའི་དཔོན་པོ་ཞིག་གིས་བཤད་རྒྱུར། མཉམ་ལས་གྲོས་གཞི་རེ་འགའ་མཉམ་འབྲེལ་གསལ་སྒྲོག་ནང་འཇོག་པའི་ཆེད་དུ། ཕྱོགས་གཉིས་ཀྱིས་བྱ་བའི་གྲོས་མོལ་བྱེད་བཞིན་ཡོད་ཟེར།

ཕུའུ་ཅིན་གྱིས་ཚེས12ཉིན་ནས་ཚེས13ཉིན་བར་ཧན་གོར་རྒྱལ་དོན་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ཡི་མགྲིན་ཚབ་པ་ཅིན་ཞིན་གྱིས་ཚེས1ཉིན་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་སྐབས་ཐོག་དེར་ཧན་གོ་དང་ཨུ་རུ་སིའི་འབྲེལ་བའི་འཕེལ་རྒྱས་གནས་ཚུལ་དང་། ཕྱིན་ཆད་ཀྱི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཁ་ཕྱོགས། ཁྲའོ་ཞན་ཕྱེད་གླིང་དང་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས། ཧན་གོ་དང་ཨུ་རུ་སིའི་ངོ་བོ་རང་བཞིན་ལྡན་པའི་མཉམ་ལས་ཇུས་གཞི། མི་གཞུང་བརྗེ་རེས་ལ་ཡར་སྐུལ་བྱེད་པ་སོགས་ཀྱི་ཐད་ནས་གྲོས་མོལ་བྱེད་རྒྱུ་རེད་ཟེར།

ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་རྒྱ་བསྐྱེད་པའི་ཐད་ནས་ཧན་གོའི་ཕྱོགས་ཀྱིས་ཨུ་རུ་སིའི་ཤར་ཕྱོགས་གྲོང་ཁྱེར་ཁཱ་ཧྲན་ནས་ཁྲའོ་ཞན་གྱི་ལོ་ཞན་གྲུ་ཁའི་བར་གྱི་ལྕགས་ལམ་ལས་གཞི་དེ་ཧན་གོའི་མངའ་ཁོངས་སུ་རྒྱ་བསྐྱེད་དེ། ཧན་གོ་དང་ཁྲའོ་ཞན། ཨུ་རུ་སི་བཅས་ཕྱོགས་གསུམ་གྱི་དངོས་སྐྱེལ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པར་རེ་བ་བྱེད་བཞིན་ཡོད་ཟེར།

ཧན་གོའི་དཔོན་པོ་ཞིག་གིས་བཤད་རྒྱུར། ད་ལྟ་ཕྱོགས་གསུམ་གྱིས་མཉམ་ལས་བཟང་བོ་བྱེད་པར་དཀའ་ཁག་ཅུང་ཆེན་པོ་ཡོད་པས། ཁཱ་ཧྲན་ནས་ལོ་ཞན་བར་གྱི་ལྕགས་ལམ་ལས་གཞིའི་ཐད་ནས་མཉམ་ལས་ཞིབ་ཏུ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག