མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སིང་ག་ཕོར་གྱི་ཙུང་ལི་ཡིས་ཕོ་ལན་དུ་འཚམས་འདྲི་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-01 11:11

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཕོ་ལན་གྱི་ཙུང་ལི་ཐུའུ་སི་ཁི་ཡིས་ཟླ10བའི་ཚེས31ཉིན་ཧྭ་ཧྲ་ནས་འཚམས་འདྲིར་ཡོང་བའི་སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་མཐོ་གསར་ལག་རྩལ་གྱི་མཉམ་ལས་དང་། ཟས་རིགས་ཕྱིར་གཏོང་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། ཚན་རྩལ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་།

ཐུའུ་སི་ཁི་ཡིས་གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་རྒྱལ་གསར་འགོད་པའི་ཚོགས་འདུའི་སྟེང་བསྟན་དོན། ཕོ་ལན་དང་སིང་ག་ཕོར་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དེ་ཐུན་མོང་གི་ཁྲལ་བསྡུ་དང་བཅས་པའི་ཁྱབ་ཁོངས་མང་བོར་འབྲེལ་ཡོད། སིང་ག་ཕོར་ནི་ཕོ་ལན་གྱི་ལག་རྩལ་གསར་གཏོད་ཐད་ཀྱི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཡིན་པ་དང་། ཕོ་ལན་ནི་ཡོ་རོབ་གླིང་གི་ཟས་རིགས་ཕྱིར་གཏོང་རྒྱལ་ཁབ་གཙོ་བོ་ཞིག་ཡིན་པའི་ཆ་ནས་སིང་ག་ཕོར་གྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཟེར།

ལིས་ཞན་ལུང་གིས་བཤད་རྒྱུར། ཕོ་ལན་དང་སིང་ག་ཕོར་གྱི་འབྲེལ་བར་ཉེ་བའི་ལོ་འགའི་རིང་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། རྒྱལ་ཁབ་གཉིས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ། ཕྱོགས་གཉིས་ཀྱི་མཉམ་ལས་རྒྱ་བསྐྱེད་པ་དང་ཇེ་ཟབ་ཏུ་འགྲོ་བར་ཡར་སྐུལ་བྱེད་དགོས་ཟེར། ལིས་ཞན་ལུང་གིས་ད་རུང་ཕོ་ལན་གྱིས་སིང་ག་ཕོར་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་རང་དབང་ཉོ་ཚོང་གྲོས་མཐུན་འགོད་པར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། དེས་ཕོ་ལན་གྱི་ཤ་རིགས་སིང་ག་ཕོར་ཕྱིར་གཏོང་བྱེད་པར་དོན་དངོས་ཀྱི་ཁེ་ཕན་འབྱུང་སྲིད་ཟེར།

ཕོ་ལན་རྒྱལ་ཁབ་ཀྱི་ཞིབ་འཇུག་འཕེལ་རྒྱས་ལྟེ་གནས་དང་སིང་ག་ཕོར་ཚན་རྩལ་ཞིབ་འཇུག་ཅུའུ་གཉིས་ཀྱིས་ཉིན་དེར་ཚན་རྩལ་མཉམ་ལས་གྲོས་མཐུན་བཀོད།

སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་གིས་ཟླ་བཅུ་བའི་ཚེས་སོ་གཅིག་ནས་ཕོ་ལན་ལ་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས་པ་དང་། དེ་ནི་སིང་ག་ཕོར་གྱི་ཙུང་ལི་ཡིས་ལོ་ངོ་བཅུ་གཉིས་ཀྱི་ནང་ཐོག་དང་པོར་ཕོ་ལན་དུ་འཚམས་འདྲི་བྱས་པ་རེད། ཉིས་སྟོང་བཅུ་གཉིས་ལོར་ཕོ་ལན་གྱིས་སིང་ག་ཕོར་ཕྱིར་གཏོང་བྱས་པའི་གྲངས་འབོར་མེ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བརྒྱད་ས་ཡ་བརྒྱད་ལ་བསླེབས་པ་དང་། སིང་ག་ཕོར་གྱིས་ཕོ་ལན་དུ་ཕྱིར་གཏོང་བྱས་པའི་གྲངས་འབོར་དུང་ཕྱུར་བརྒྱད་དང་བྱེ་བ་གཅིག་ལ་བསླེབས་ཡོད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག