མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མ་དངུལ་དཀོན་པའི་དབང་གིས་ཁུན་ནེ་ཡཱའི་ཡུལ་གྱར་བར་འདོན་སྤྲོད་བྱེད་པའི་འབྲུ་རིགས་ཇེ་ཉུང་དུ་བཏང་བ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-01 11:10

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་འཆར་འགོད་ཁང་གིས་ཟླ10བའི་ཚེས31ཉིན་བཤད་རྒྱུར། མ་དངུལ་དཀོན་པའི་དབང་གིས་ཁུན་ནེ་ཡཱའི་བྱང་ཕྱོགས་ཀྱི་ཏཱ་ཏཱ་པུའུ་དང་ཁཱ་ཁུའུ་མཱ་ཞེས་པའི་ཡུལ་གྱར་བའི་སྒར་ས་གཉིས་ལ་འདོན་སྤྲོད་བྱེད་པའི་འབྲུ་རིགས་ཇེ་ཉུང་དུ་གཏོང་རྒྱུ་ཡིན་པ་དང་། ཡུལ་གྱར་འབུམ་ལྔ་ལྷག་ལ་དེའི་ཤུགས་རྐྱེན་ཐེབས་སྲིད་ཟེར།

འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་ཁུན་ནེ་ཡཱ་རུ་སྡོད་པའི་འགན་ཁུར་བ་ཞི་པན་ཏཱ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ནས་བཟུང་ཡུལ་གྱར་བར་འདོན་སྤྲོད་བྱེད་པའི་འབྲུ་རིགས་ཇེ་ཉུང་དུ་གཏོང་རྒྱུ་ཡིན་པ་དང་། ཡུལ་གྱར་བ་འབུམ་ལྔའི་འབྲུ་རིགས་མཁོ་འདོན་བྱ་བ་དེ་ད་ལོའི་ལོ་མཇུག་བར་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། ད་ཡོད་ཀྱི་འབྲུ་རིགས་ཀྱིས་ད་ལོའི་ལོ་མཇུག་བར་དུ་འདང་བར་བྱེད་ཆེད་ཟླ་བཅུ་གཉིས་པ་དང་ཟླ12པའི་འབྲུ་རིགས་མཁོ་འདོན་བརྒྱ་ཆའི་ཉི་ཤུ་ཇེ་ཉུང་དུ་མི་གཏོང་ཐབས་མེད་ཟེར།

འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་ཚོད་དཔག་བྱས་ན། བརྒྱ་ཆའི་ཉི་ཤུའི་འབྲུ་རིགས་མཁོ་འདོན་ཇེ་ཉུང་དུ་བཏང་བ་དེས་ཡུལ་གྱར་བར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མཚམས་སྦྱོར་བྱས་པའི་ཆེས་དམའ་བའི་ནུས་ཚད་ཐོབ་ཐབས་མེད་པ་མཚོན་ཡོད་པ་རེད།

ཞི་པན་ཏཱ་ཡིས་མི་རྣམས་ཀྱིས་ཡུལ་གྱར་བར་རོགས་སྐྱོར་བྱས་ཏེ། ཡུལ་གྱར་བའི་ཉིན་རྒྱུན་གྱི་འབྲུ་རིགས་དགོས་མཁོ་བསྐང་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་སང་ལོའི་ཟླ་གསུམ་པ་ནས་བཟུང་མེ་སྒོར་བྱེ་བ་གཉིས་ཀྱིས་རོགས་སྐྱོར་བྱེད་རྒྱུ་ཡིན་ཡང་། འབྲུ་རིགས་འཆར་འགོད་ཁང་ལ་ད་རུང་མེ་སྒོར་བྱེ་བ་གཉིས་ཀྱིས་སང་ལོའི་ཟླ་དང་པོ་ནས་གཉིས་པའི་འབྲུ་རིགས་དང་འཚོ་བཅུད་ཀྱི་རོགས་སྐྱོར་ཁ་གསབ་བྱེད་དགོས་ཟེར།

ཚོད་དཔག་བྱས་ན། ཁུན་ནེ་ཡཱ་རྒྱལ་ཁབ་ཀྱིས་བསྡོམས་པས་ཨ་ཧྥེ་རི་ཁ་གླིང་སྣེ་ས་ཁུལ་དང་མཚོ་ཆེན་ས་ཁུལ་གྱི་ཡུལ་གྱར་བ་འབུམ་དྲུག་དང་ཁྲི་ལྔ་ཡས་མས་དང་ལེན་བྱས་ཡོད་པ་དང་། དེའི་ནང་ཏཱ་ཏཱ་པུའུ་དང་ཁཱ་ཁུའུ་མཱ་ཞེས་པའི་ཡུལ་གྱར་བའི་སྒར་སར་མིག་སྔར་ཡུལ་གྱར་འབུམ་ལྔ་དང་ཁྲི་ལྔ་ལྷག་ཡོད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག