མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨར་ཅི་རི་ཡཱ་རྒྱལ་ཁབ་ཀྱིས་མའོ་ལོ་ཀི་ཡིས་ཨར་ཅི་རི་ཡཱར་སྡོད་པའི་གཞུང་ཚབ་པ་ཕྱིར་འཐེན་བྱས་པར་ཡིད་འཕང་བའི་ཚུལ་བསྟན་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-01 11:10

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་ཅི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་སྤྱི་ཟླ10བའི་ཚེས31ཉིན་མའོ་ལོ་ཀི་སྲིད་གཞུང་གིས་སཱ་ཧཱ་ལཱ་ནུབ་མའི་གནད་དོན་དབང་གིས་ཨར་ཅི་རི་ཡཱ་ནས་གཞུང་ཚབ་པ་ཕྱིར་འཐེན་བྱེད་རྒྱུ་ཁྱབ་སྒྲོག་བྱས་པར་ཡིད་འཕང་བའི་ཚུལ་བསྟན།

ཨར་ཅི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། མའོ་ལོ་ཀི་སྲིད་གཞུང་གི་ཆོད་དོན་དེ་ནི་ལུགས་དང་མི་མཐུན་ཞིང་། དེས་ཨར་ཅི་རི་ཡཱའི་བདག་དབང་ལ་གནོད་ཡོད་པར་མ་ཟད། དོན་རྐྱེན་དེ་སྔར་ལས་ཛ་དྲག་ཏུ་འགྱུར་སྲིད་ཟེར། གསལ་སྒྲོག་ལས་བསྟན་དོན། ཨར་ཅི་རི་ཡཱའི་སཱ་ཧཱ་ལཱ་ནུབ་མའི་གནད་དོན་ཐད་ཀྱི་ལངས་ཕྱོགས་ནམ་ཡང་འགྱུར་མ་མྱོང་བ་དང་། ཨར་ཅི་རི་ཡཱ་རྒྱལ་ཁབ་ཀྱིས་ཉེ་སྔོན་འབྲེལ་ཡོད་རྒྱལ་སྤྱིའི་གྲོས་ཚོགས་སྟེང་རང་གི་ལངས་ཕྱོགས་བསྐྱར་སྒྲོག་བྱས་ཡོད་ཟེར།

ཨར་ཅི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ནན་གྱིས་བསྟན་དོན། ཨར་ཅི་རི་ཡཱ་རྒྱལ་ཁབ་ཀྱིས་མའོ་ལོ་ཀི་ནས་ཕྱི་འབྲེལ་མི་སྣ་གང་རུང་ཕྱིར་འཐེན་བྱེད་མི་སྲིད་ལ། དོན་རྐྱེན་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གནོད་པ་མི་ཐེབས་པར་རེ་བ་བྱེད་བཞིན་ཡོད་ཟེར།

ཨར་ཅི་རི་ཡཱའི་ཙུང་ཐུང་པུའུ་ཐི་ཧྥོ་ལེ་ཁཱ་ཡི་ངག་བཅོལ་ལྟར་ཨར་ཅི་རི་ཡཱའི་ཁྲིམས་འཛིན་པུའུ་ཀྲང་གིས་ཉེ་སྔོན་ནེ་ཀྲི་རི་ཡཱ་ནས་བསྡུས་པའི་ས་ཁུལ་གྲོས་ཚོགས་ཤིག་གི་སྟེང་སཱ་ཧཱ་ལཱ་ནུབ་མའི་གནད་དོན་ཐད་ནས་གསལ་སྒྲོག་སྤེལ་བར་མའོ་ལོ་ཀི་ཡིས་དེར་ཧ་ཅང་མི་འཐད་པའི་བསམ་ཚུལ་བསྟན། མའོ་ལོ་ཀིའི་ཕྱི་འབྲེལ་དང་མཉམ་ལས་པུའུ་ཡིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་ཨར་ཅི་རི་ཡཱ་རུ་སྡོད་པའི་གཞུང་ཚབ་པ་ཕྱིར་འཐེན་བྱེད་རྒྱུ་ཁྱབ་སྒྲོག་བྱས། དུས་ཡུན་རིང་བོར། མའོ་ལོ་ཀི་དང་ཨར་ཅི་རི་ཡཱའི་འབྲེལ་བ་སཱ་ཧཱ་ལཱ་ནུབ་མའི་གནད་དོན་གྱི་དབང་གིས་ཛ་དྲག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་སྐམ་སའི་མཐའ་མཚམས་རྒྱུན་དུ་གཏན་འགོག་བྱས་ཡོད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག