མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་དང་དབྱི་ལིང་གིས་ཕན་འབྲས་ལྡན་པའི་གྲོས་མོལ་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-31 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་དང་དབྱི་ལིང་གིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་སྤྱི་ཟླ10བའི་ཚེས29ཉིན་ཕན་འབྲས་ལྡན་པའི་གྲོས་མོལ་བྱས་པ་དང་། ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཉིང་རྡུལ་ནུས་པའི་དབུ་བཞུགས་ཞིབ་བཤེར་མཁན་ཝ་ཡོ་ལན་ཐཱ་ཡིས་བཤད་རྒྱུར། དབྱི་ལིང་གིས་གནད་དོན་ཐག་གཅོད་བྱེད་པའི་དོན་དངོས་བྱེད་ཐབས་ཐད་ནས་གྲོས་གཞི་གསར་བ་བཏོན་པ་དང་། དེ་ནི་ཕྱོགས་གཉིས་ཀྱིས་མཉམ་ལས་དང་གྲོས་མོལ་བྱེད་པའི་ཐད་ཀྱི་བྱས་རྗེས་གལ་ཆེན་ཞིག་ཡིན་ལ། དམིགས་ཡུལ་ནི་མཐར་མཇུག་འབུར་དུ་ཐོན་པའི་གནད་དོན་ཚང་མ་ཐག་གཅོད་བྱེད་པའི་ཆེད་དུ་ཡིན་ཟེར།

ཁོས་བཤད་རྒྱུར། ཐེངས་འདིའི་ཕན་འབྲས་ལྡན་པའི་གྲོས་མོལ་མཇུག་སྒྲིལ་རྗེས། སྤྱི་ཟླ11པའི་ཚེས11ཉིན་ཏི་ཧེ་ལན་ནས་གྲོས་ཚོགས་བསྡུས་ཏེ། ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཡར་སྐུལ་བྱེད་རྒྱུ་ཐག་བཅད་ཡོད་ཟེར།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་སུ་སྡོད་པའི་དབྱི་ལིང་གི་འཐུས་མི་གསར་བ་ནཱ་ཅཱ་ཧྥེ་ཡིས་བཤད་རྒྱུར། དབྱི་ལིང་གིས་བཏོན་པའི་གྲོས་གཞི་གསར་བས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་གྲུབ་འབྲས་གསར་བ་ཐོན་པར་གོ་སྐབས་བཟང་བོ་སྐྲུན་ཡོད་ཟེར།

ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་དང་དབྱི་ལིང་གིས་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་དཔྱད་ཞིབ་ཡིག་ཆའི་ཐད་ནས་གྲོས་མོལ་ཐེངས་བཅུ་གཉིས་པ་སྤེལ་བ་དང་། ཚེས་ཉེར་དགུའི་ཉིན་མུ་མཐུད་དུ་གྲོས་མོལ་བྱས།

དབྱི་ལིང་གིས་ཀྲུང་གོ་དང་ཨ་མེ་རི་ཁ། དབྱིན་ཇི། ཨུ་རུ་སི། ཧྥ་རན་སི། འཇར་མན་བཅས་རྒྱལ་ཁབ་དྲུག་དང་མཉམ་དུ་ཟླ་བཅུ་གཅིག་པའི་ཚེས་བདུན་ནས་ཚེས་བརྒྱད་ཉིན་བར་རི་ནེ་ཝ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་སྤེལ་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག