མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨན་པའེ་ཅིན་སན་གྱིས་ཡང་བསྐྱར་ཐུན་མོང་རང་སྲུང་དབང་ཆ་ལག་ཏུ་བསྟར་བར་གྲོས་བསྡུར་བྱེད་པར་ཡར་སྐུལ་བྱེད་རྒྱུའི་ཚུལ་བསྟན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-29 10:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་སྤྱི་ཟླ10བའི་ཚེས27ཉིན་འཇར་པན་སྐམ་སའི་རང་སྲུང་དམག་དཔུང་གི་དམག་གཟིགས་མཛད་སྒོར་ཞུགས་སྐབས་བཤད་རྒྱུར། ཐུན་མོང་རང་སྲུང་དབང་ཆ་ལག་ཏུ་བསྟར་བར་གྲོས་བསྡུར་བྱེད་པར་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར།

ཨན་པའེ་ཅིན་སན་གྱིས་བཤད་རྒྱུར། འཇར་པན་གྱི་བདེ་འཇགས་འགན་སྲུང་ཁོར་ཡུག་ཉིན་རེ་བཞིན་ཛ་དྲག་ཏུ་སོང་བ་དང་བསྟུན་ནས། ཉིན་རྒྱུན་གྱི་སྦྱོང་བརྡར་ལ་བརྟེན་ནས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། འགོག་སྲུང་སྟོབས་ཤུགས་ལ་བརྟེན་ནས་འགོག་སྲུང་ནུས་པ་མངོན་འགྱུར་བྱེད་པའི་བསམ་བློ་རྙིང་བ་དེ་ངེས་པར་དུ་བསྐྱུར་དགོས་པ་དང་། ཐུན་མོང་གི་རང་སྲུང་དབང་ཆ་དང་ཐུན་མོང་གི་བདེ་འཇགས་འགན་སྲུང་སོགས་འབྲེལ་ཡོད་བདེ་འཇགས་འགན་སྲུང་གི་བཅའ་ཁྲིམས་ལ་གྲོས་བསྡུར་བྱེད་པར་ཡར་སྐུལ་བྱེད་དགོས་ལ། ཐུན་མོང་གི་རིན་ཐང་ལྟ་བ་ཡོད་པའི་རྒྱལ་ཁབ་བར་གྱི་འགོག་སྲུང་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་ཟེར།

འཇར་པན་རང་སྲུང་དམག་དཔུང་གི་དམག་གཟིགས་མཛད་སྒོ་དེ་ལོ་རེར་ཐེངས་རེ་སྤེལ་བཞིན་ཡོད་ཅིང་། སྐམ་ས་དང་མཚོ་ཐོག མཁའ་འགྲུལ་བཅས་ཀྱི་རང་སྲུང་དམག་དཔུང་གིས་རེས་མོས་ཀྱིས་གཙོ་སྒྲུབ་བྱེད་བཞིན་ཡོད། ཉིན་དེར་སྐམ་སའི་རང་སྲུང་དམག་དཔུང་གཙོ་བྱས་པའི་མི་སྟོང་བཞི་དང་། འཐབ་འཛིང་རླངས་འཁོར་ཉིས་བརྒྱ་དང་བཞི་བཅུ། འཐབ་འཛིང་གནམ་གྲུ་ལྔ་བཅུ་ཡིས་ཆི་ཡུས་རྫོང་གི་འཆར་ཁའི་མཚམས་སྤྲིན་བཅའ་སྡོད་ས་ཁུལ་ནས་དམག་གཟིགས་མཛད་སྒོ་སྤེལ་བ་དང་། གླིང་ཕྲན་གྱི་འགོག་སྲུང་གི་འགན་ཁུར་བའི་རུ་ཁག་ཐོག་དང་པོར་དམག་གཟིགས་མཛད་སྒོར་ཞུགས་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག