མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱ་གར་བྱང་ཤར་ཕྱོགས་ཀྱི་གྲོང་ཁྱེར་ནས་མུ་འབྲེལ་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་ལྔ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-29 10:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་དཔོན་རིགས་ཀྱིས་སྤྱི་ཟླ10བའི་ཚེས27ཉིན་བཤད་རྒྱུར། བྱང་ཤར་ཕྱོགས་ཀྱི་པུས་ཧཱ་ཨར་པང་གི་ལྟེ་གནས་གྲོང་ཁྱེར་པཱ་ཐི་ནཱ་ནས་ཉིན་དེའི་ཕྱི་དྲོར་མུ་འབྲེལ་འགས་གཏོར་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་ལྔ་ལ་རྨས་ཕོག་ཟེར།

འགས་གཏོར་དེ་སོ་སོར་རྒྱ་གར་མི་དམངས་ཏང་གིས་འདུ་ཚོགས་སྤེལ་སའི་ཐང་ཆེན་དང་། པཱ་ཐི་ནཱ་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚིགས་ཀྱི་ཆབ་གསང་ཁང་ཞིག་དང་གྲོང་ཁྱེར་ལྟེ་གནས་ཀྱི་གློག་བརྙན་ཁང་ཞིག་གི་ཉེ་འདབས་བཅས་སུ་བྱུང་བ་རེད། མི་དམངས་ཏང་གི་ཙུང་ལིའི་འདེམ་སྒུག་མི་སྣ། ཀུའུ་ཅི་ལཱ་ཐི་པང་གི་དབུ་བཞུགས་པུའུ་ཀྲང་མའོ་ཏིས་ཀྱིས་སྐབས་ཐོག་དེར་ཁོའི་རྒྱབ་སྐྱོར་མཁན་སྟོང་ཕྲག་འགའ་ལ་འགྲན་རྩོད་གཏམ་བཤད་སྤེལ་བར་གྲ་སྒྲིག་བྱེད་བཞིན་ཡོད། བརྙན་རིས་ལས་གསལ་བ་ལྟར་ན། འགས་གཏོར་དེ་ལས་འདུ་ཚོགས་བྱེད་སའི་ཐང་ཆེན་གྱི་བར་སྣང་དུ་དུད་ནག་ལྷོག་ལྷོག་ཏུ་འཕྱུར་བ་དང་། མི་རྣམས་ཕྱོགས་བཞི་མཚམས་བརྒྱད་དུ་ཐོར་ལ། ཉེན་རྟོག་པས་རྨས་མར་རོགས་སྐྱོར་བྱེད་བཞིན་ཡོད།

དོན་རྐྱེན་བྱུང་རྗེས། རྒྱ་གར་གྱི་ཙུང་ལི་ཞིན་ཀི་ཡིས་པུས་ཧཱ་ཨར་པང་གི་དབུ་བཞུགས་པུའུ་ཀྲང་ཁུའུ་མར་ལ་ཁ་པར་བཏང་སྟེ། མྱུར་དུ་དོན་རྐྱེན་དེར་རྟོག་ཞིབ་བྱེད་དགོས་པའི་རེ་བ་བཏོན། རྒྱ་གར་གྱི་རྒྱལ་ཁབ་རྟོག་ཞིབ་ཅུའུ་ཡིས་མི་སྣ་མངག་གཏོང་བྱས་པ་དང་། ནང་སྲིད་པུའུ་ཡི་དཔོན་རིགས་ཀྱིས་བཤད་རྒྱུར། སྲིད་གཞུང་གིས་གང་ནུས་ཀྱིས་འགས་གཏོར་དོན་རྐྱེན་དེར་རྩད་གཅོད་གསལ་བོ་བྱེད་རྒྱུ་ཡིན་ཟེར།

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཐེངས་འདིའི་མུ་འབྲེལ་འགས་གཏོར་དོན་རྐྱེན་ཁྲོད་བཀོལ་སྤྱོད་བྱས་པ་ནི་རང་བཟོས་འགད་རྫས་ཡིན་པ་དང་། ཡོ་བྱད་དང་བྱེད་ཐབས་སོགས་སྔོན་ཆད་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དང་འདྲ་མཚུངས་ཡིན་ཟེར། མིག་སྔར་མི་སྒེར་དང་རྩ་འཛུགས་གང་རུང་གིས་འགས་གཏོར་འཇབ་རྒོལ་དོན་རྐྱེན་དེ་བཟོས་པར་ཁས་ལེན་བྱས་མེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག