མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀི་ལུའུ་ཅི་ཡཱ་རྒྱལ་ཁབ་ཀྱི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་མགོ་བརྩམས་པ་དང་འདེམ་སྒུག་མི་སྣ་ཉེར་གསུམ་གྱིས་ཙུང་ཐུང་གི་གོ་གནས་འགྲན་རྩོད་བྱེད་བཞིན་ཡོད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན།  2013-10-29 10:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀི་ལུའུ་ཅི་ཡཱ་རྒྱལ་ཁབ་རང་བཙན་བྱས་པའི་ཚུན་གྱི་ཙུང་ཐུང་འདེམ་བསྐོ་ཐེངས་དྲུག་པ་སྤྱི་ཟླ10བའི་ཚེས27ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་སྟེང་མགོ་བརྩམས་པ་དང་། བསྡོམས་པས་འདེམ་སྒུག་མི་སྣ་ཉེར་གསུམ་གྱིས་ཙུང་ཐུང་གི་གོ་གནས་ལ་འགྲན་རྩོད་བྱེད་རྒྱུ་རེད། ཀི་ལུའུ་ཅི་ཡཱའི་རྩ་ཁྲིམས་ནང་ཙུང་ཐུང་གིས་ཆེས་མང་ན་སྐབས་གཉིས་ལས་བསྟུད་འགན་ཁུར་མི་ཆོག་པར་གཏན་འཁེལ་བྱས་ཡོད་པའི་དབང་གིས2008ལོར་བསྟུད་འགན་ཁུར་བའི་ད་ལྟའི་ཙུང་ཐུང་སཱ་ཁཱ་ཧྲི་ཝེ་ལེ་ཐེངས་འདིའི་འདེམ་བསྐོར་ཞུགས་པའི་སྐལ་བ་མེད་པར་གྱུར།

ཀི་ལུའུ་ཅི་ཡཱའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྡོམས་རྩིས་བྱས་པ་ལྟར་ན། སྐབས་འདིའི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པར་ཞུགས་པར་ཐོ་འགོད་བྱས་པའི་འདེམ་དམངས་ས་ཡ་གསུམ་དང་འབུམ་ལྔ་ཁྲི་བཞི་ཙམ་ཡོད་པ་དང་། ཀི་ལུའུ་ཅི་ཡཱའི་མངའ་ཁོངས་སུ་འདེམ་ཤོག་འཕེན་ས་སྟོང་གསུམ་དང་དྲུག་བརྒྱ་གྱ་དགུ་བཀོད་སྒྲིག་བྱས་ཡོད་པ་ལས་གཞན། ཕྱི་རྒྱལ་དུ་འདེམ་ཤོག་འཕེན་ས་ལྔ་བཅུ་བཀོད་སྒྲིག་བྱས་ཡོད། ཀི་ལུའུ་ཅི་ཡཱ་དང་ཨུ་རུ་སིའི་འབྲེལ་བ་ད་རུང་སླར་གསོ་བྱུང་མེད་པའི་དབང་གིས་ཨུ་རུ་སིའི་མངའ་ཁོངས་སུ་ཡོད་པའི་ཀི་ལུའུ་ཅི་ཡཱའི་སྤྱི་དམངས་འདེམ་ཤོག་འཕེན་པའི་བྱ་འགུལ་ནང་ཞུགས་ཐབས་མེད། ཐེངས་འདིའི་འདེམ་ཤོག་འཕེན་པའི་བྱ་བ་དེ་ཉིན་དེའི་དགོང་མོའི་དུས་ཚོད་བརྒྱད་སྟེང་མཇུག་སྒྲིལ་རྒྱུ་ཡིན་པ་དང་། ཀི་ལུའུ་ཅི་ཡཱའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་འདེམ་ཤོག་འཕེན་པའི་བྱ་བ་མཇུག་སྒྲིལ་རྗེས་ཀྱི་ཉིན་ཉི་ཤུའི་ནང་དངོས་གཞིའི་འདེམ་བསྐོའི་མཇུག་འབྲས་ཁྱབ་སྒྲོག་བྱེད་རྒྱུ་རེད། གལ་ཏེ་འདེམ་སྒུག་མི་སྣ་ཚང་མར་ཐོབ་པའི་འདེམ་ཤོག་ཁ་གྲངས་སྤྱི་གྲངས་ཀྱི་ཕྱེད་ཀ་ལས་བརྒལ་མེད་ན། འདེམ་བསྐོའི་མཇུག་འབྲས་ཁྱབ་སྒྲོག་བྱས་རྗེས་ཀྱི་གཟའ་འཁོར་གཉིས་ཀྱི་ནང་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་དགོས་པ་རེད།

མིག་སྔར། ཀི་ལུའུ་ཅི་ཡཱའི་དམངས་ཀྱི་འདོད་བློར་ཞིབ་བཤེར་བྱེད་པའི་ལས་ཁུངས་ཀྱི་རྒྱུ་ཆ་ལྟར་ན། རྒྱལ་ཁ་ཐོབ་པའི་གདེང་ཚོད་ཅུང་ཆེ་བའི་འདེམ་སྒུག་མི་སྣ་གསུམ་ནི་སོ་སོར་སྲིད་འཛིན་མནའ་འབྲེལ་ཀི་ལུའུ་ཅི་ཡཱའི་ཕུགས་འདུན་ཞེས་པའི་འདེམ་སྒུག་མི་སྣ་མར་ཀི་ཝེ་ལཱ་ཧྲི་ཝེ་ལེ་དང་། ད་ལྟའི་ཙུང་ཐུང་སཱ་ཁཱ་ཧྲི་ཝེ་ལེ་ཡིས་མགོ་ཁྲིད་པའི་གཅིག་གྱུར་མི་རིགས་འགུལ་སྐྱོད་ཏང་གི་འདེམ་སྒུག་མི་སྣ་པཱ་ཁི་ལཱ་ཙེ། དམངས་གཙོ་འགུལ་སྐྱོད་དེ་གཅིག་གྱུར་ཀི་ལུའུ་ཅི་ཡཱ་ཏང་གི་འདེམ་སྒུག་མི་སྣ་པོར་ཀྲ་ནཱ་ཙེ་བཅས་ཡིན་པ་དང་། དེའི་ནང་ད་ལྟའི་སློབ་གསོ་དང་ཚན་རིག་པུའུ་ཡི་པུའུ་ཀྲང་མར་ཀི་ཝེ་ལཱ་ཧྲི་ཝེ་ལེ་ལ་རྒྱབ་སྐྱོར་བྱེད་མཁན་ལྷག་ཏུ་མང་། ཁོས་ཨུ་རུ་སིའི་བར་གྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱས་ཏེ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་བསྐྱེད་པའི་འདོད་བློ་བཏོན་པ་དང་། ཞོར་དུ་ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་བར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བའི་སྲིད་ཇུས་རྒྱུན་འཁྱོངས་བྱེད་དགོས་པ་ནན་བཤད་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག