མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་བྱང་ཕྱོགས་ས་ཁུལ་དུ་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་ཕྲག་འགའ་ལ་ཤི་རྨས་ཐེབས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-29 10:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་སྤྱི་ཟླ10བའི་ཚེས27ཉིན་བཤད་རྒྱུར། བྱང་ཕྱོགས་ཀྱི་མའོ་སུའུ་ཨར་གྲོང་ཁྱེར་ནས་ཉིན་དེར་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་དགུ་ལ་རྨས་ཕོག་ཟེར།

མའོ་སུའུ་ཨར་གྱི་ཉེན་རྟོག་ཕྱོགས་ཀྱི་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་མའོ་སུའུ་ཨར་ཤར་ཕྱོགས་ཀྱི་དངུལ་ཁང་ཞིག་གི་ཕྱི་རོལ་ནས་བྱུང་ཞིང་། སྐབས་ཐོག་དེར་དབྱི་རག་གི་དམག་མི་བཅུ་ཕྲག་འགས་དངུལ་ཁང་དེའི་ཕྱི་རོལ་དུ་ཟླ་ཕོགས་ལེན་བཞིན་ཡོད་ལ། རང་སྲོག་གཅོད་པའི་འཇབ་རྒོལ་མཁན་ཞིག་གིས་འགད་རྫས་གང་དྲུད་པའི་རླངས་འཁོར་འགས་གཏོར་བཏང་བ་དང་། ཤི་རྨས་ཐེབས་པའི་མི་མང་ཤོས་ནི་དམག་མི་རེད་ཟེར།

རྒུད་སྐྱོབ་བྱ་བ་སྤེལ་བ་དང་བསྟུན་ནས་ཤི་རྨས་ཐེབས་པའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད། མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁྱབ་སྒྲོག་བྱས་མེད།

མའོ་སུའུ་ཨར་དང་གྲོང་ཁྱེར་དེ་ཡོད་སའི་ནེ་ནེ་ཝེ་ཞིང་ཆེན་ནི་རྟེན་གཞི་རྩ་འཛུགས་རྒྱུན་དུ་འགུལ་སྐྱོད་བྱེད་པའི་ས་ཁུལ་ཞིག་ཡིན་པ་དང་། དྲག་ཤུགས་འཇབ་རྒོལ་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད།

ཉིན་དེའི་སྔ་དྲོར། དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་རབས་དང་རིམ་པ་བྱུང་ནས། ཉུང་མཐར་ཡང་མི་ཉེར་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་གྱ་བརྒྱད་ལ་རྨས་ཕོག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག