མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡཱའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འགུལ་སྐྱོད་ལ་གྲུབ་འབྲས་ཆེན་པོ་ཐོབ་མེད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-26 11:29

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཨ་མའོ་སི་ཡིས་ཚེས25ཉིན་བསྟན་དོན། སི་རི་ཡཱའི་འཁྲུག་རྩོད་མུ་མཐུད་དུ་ཛ་དྲག་ཏུ་སོང་བ་ལས་རྒྱལ་ཁབ་དེའི་མི་ཆོས་རིང་ལུགས་ཀྱི་གནས་བབ་ཀྱང་མུ་མཐུད་དུ་ཇེ་སྡུག་ཏུ་སོང་བ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འགུལ་སྐྱོད་ལ་ད་ལྟའི་བར་གྲུབ་འབྲས་ཆེན་པོ་ཐོབ་མེད་ལ། ཉིན་རེར་ཇེ་མང་དུ་འགྲོ་བཞིན་པའི་རྒུད་སྐྱོབ་དགོས་མཁོ་བསྐང་ཐབས་མེད་ཟེར།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་སི་རི་ཡཱའི་གནད་དོན་ཐད་ནས་གྲོས་ཚོགས་བསྡུས་ཏེ། ཨ་མའོ་སི་ཡིས་གནས་ཚུལ་གསར་བ་སྙན་ཞུ་བྱས་པར་ཉན། ཨ་མའོ་སི་ཡིས་སྙན་ཞུ་བྱེད་སྐབས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་བཅུ་བའི་ཚེས་གཉིས་ཉིན་ཀྲུའུ་ཞིའི་གསལ་སྒྲོག་ལ་གྲོས་མཐུན་བཀོད་དེ། ཕྱོགས་སོ་སོས་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་འགུལ་སྐྱོད་ཀྱི་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་སྐུལ་མ་བཏང་ཡང་། ཡིད་འཕང་བ་ཞིག་ལ་སི་རི་ཡཱའི་འཁྲུག་རྩོད་བྱ་བ་དེ་རྒྱལ་ཡོངས་ཀྱི་མངའ་ཁོངས་སུ་སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དང་། ཉེས་མེད་མི་སེར་དཀྱུས་མར་ཐེབས་པའི་གནོད་པའང་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་ཟེར།

ཨ་མའོ་སི་ཡིས་བཤད་རྒྱུར། མིག་སྔའི་དཔྱད་འཇོག་མཇུག་འབྲས་ལྟར་ན། སི་རི་ཡཱའི་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དགོས་མཁོ་དང་གཞིས་ཁྱིམ་མེད་པའི་མི་གྲངས་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། དགུན་ཁའི་དུས་ཚིགས་ལ་ཉེ་བ་དང་བསྟུན་ནས་སྟབས་བདེའི་སྡོད་གནས་སུ་འཚོ་བ་རོལ་བའི་མང་ཚོགས་ས་ཡ་འགའི་གནས་བབ་ལ་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་ལ། ཁྱད་པར་དུ་མཐའ་འཁོབ་དང་འཁྲུག་རྩོད་བྱེད་པའི་ས་ཁུལ་ནས་ཐར་མེད་པའི་མི་སེར་དཀྱུས་མ་ས་ཡ་གཉིས་དང་འབུམ་ལྔ་ལ་ལོ་གཅིག་ཙམ་གྱི་དུས་ཡུན་རིང་རྒུད་སྐྱོབ་དངོས་རྫས་ཅི་ཡང་ཐོབ་མེད་ཟེར།

ཨ་མའོ་སི་ཡིས་བསྟན་དོན། སི་རི་ཡཱའི་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་འགུལ་སྐྱོད་ལ་ད་ལྟའི་བར་གྲུབ་འབྲས་ཆེན་པོ་ཅི་ཡང་ཐོབ་མེད། སི་རི་ཡཱའི་དཔོན་ཉམས་རིང་ལུགས་ཀྱི་ཚད་བཀག་སྣ་ཚོགས་ལས་གཞན། ས་དེའི་གནས་བབ་ཉིན་རེ་བཞིན་རྙོག་འཛིང་དང་ཉེན་ཁ་ཅན་དུ་འགྱུར་བཞིན་ཡོད་ལ། ངོ་རྒོལ་ཕྱོགས་ཁག་མང་བོའི་བར་གྱི་འཁྲུག་རྩོད་ཉིན་རེ་བཞིན་ཇེ་མང་དུ་སོང་ནས། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་རྒྱུ་ལམ་གཙོ་བོར་བར་ཆད་ཐེབས་པར་མ་ཟད། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་མི་སྣ་བཙན་ཁྲིད་བྱས་པའི་དོན་རྐྱེན་ཡང་དུས་ངེས་མེད་དུ་འབྱུང་བཞིན་ཡོད་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག